ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་མི་ཚང་མར་འབྲེལ་བའི་ནམ་ཟླ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ་ཕན་ནུས་ལྡན་པའི་སྒོ་ནས་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ནམ་ཟླའི་འགྱར་ལྡོག་ནི་ང་ཚོའི་དུས་རབས་འདིའི་མདུན་དུ་ལྷགས་པའི་གནད་དོན་ཆེས་གལ་ཆེན་ཞིག་ཡིན་ཞིང་། དེས་དབུལ་ཕོངས་ཚབས་ཆེ་བ་དང་འབྲུ་རིགས་བདེ་འཇགས་མིན་པ་ནས་ཉིན་རེར་ཚབས་ཆེན་དུ་འགྱུར་བཞིན་པའི་ཆུའི་ཐོན་ཁུངས་ཀྱི་གནོན་ཤུགས་དང་ཁོར་ཡུག་གཏོར་བརླག་བར་གྱི་བཟོད་སྒོམ་རང་བཞིན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཆར་གཞི་ཚང་མར་ཉེན་ཁ་བཟོ་བཞིན་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་གང་ལེགས་སྤེལ་བ་དང་། སྤོབས་སེམས་དང་ཆབ་སྲིད་རེ་འདུན་མངོན་པར་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་བཤད་རྒྱུར། ཉེ་སྔོན་ཚ་ཁུལ་གྱི་དབྱེ་ཏའེ་ཞེས་པའི་དྲག་རླུང་གིས་མའོ་སིང་པུས་ཁི་དང་ཙེམ་པབ་ཝེ། མཱ་ལཱ་ཝེ་བཅས་རྒྱལ་ཁབ་ཏུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་སྟེ། མི་མང་བོའི་ཚེ་སྲོག་ཤོར་ཡོད། ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་འཇུག་འབྲས་ཚབས་ཆེན་དབང་གིས་འཛམ་གླིང་ཧྲིལ་བོ་ངེས་པ་དོན་གྱི་ཉེན་ཁའི་གནས་སུ་བསྐྱལ་ཡོད་ཟེར། ཨེ་སི་ཕིས་ནོའུ་སཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་ཚབས་ཆེན་རང་བཞིན་ལ་མཐོང་ཆེན་བྱས་ཤིང་། འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་གི་མྱུར་ཚད་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་ད་རུང་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་ནི་དབུལ་ཕོངས་སེལ་བ་དང་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཟེར། 

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཉིན་དེར་སྤེལ་བའི་སྙན་ཞུ་ལས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོའི་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གྱི་ཡར་སྔོན་ལས་དྲོད་གྲངས་གཅིག་གིས་འཕར་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ན་ནིང་ཟླ་བཅུ་བར་སྤེལ་བའི་སྙན་ཞུ་ལྟར་ན། གལ་ཏེ་ནམ་ཟླའི་འགྱུར་ལྡོག་ཇེ་དྲོར་འགྲོ་ཚད་དེ་མིག་སྔའི་མྱུར་ཚད་སྲུང་འཛིན་བྱས་ན། འཛམ་གླིང་ཧྲིལ་བོ་སྔ་ན་མེད་པའི་ཁོར་ཡུག་གི་འགྲན་རྩོད་དང་འཕྲད་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཚང་མར་འབྲེལ་བའི་ནམ་ཟླ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་ནམ་ཟླ་དང་། མིག་སྔར་དང་མ་འོངས་པའི་མི་རབས་འགའི་དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་བཅས་ཐད་ཀྱི་ཕན་ཚུན་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། མི་རྣམས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་བྱེད་པར་སྐུལ་མ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།