ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དབྱི་སི་རལ་གྱི་ཀི་ལན་མཐོ་སྒང་གི་བདག་དབང་ཁས་ལེན་མི་བྱེད་པའི་ཚུལ་བསྟན།

    སྤེལ་དུས། : 2019-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལྔ་ཡིས་ཚེས་ཉེར་དྲུག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་ལྔའི་ཀི་ལན་མཐོ་སྒང་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཀི་ལན་མཐོ་སྒང་དེ་དབྱི་སི་རལ་གྱི་མངའ་ཁོངས་ཡིན་པ་ཁས་ལེན་བྱེད་མི་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་པུ་ལི་ཧྲིའི་འཐུས་མི་ཕའེ་ཁི་སི་ཏེན་གྱིས་ཧྥ་རན་སི་དང་འཇར་མན། དབྱིན་ཇི། ཕོ་ལན། པུ་ལི་ཧྲི་བཅས་ཀྱི་ཚབ་བྱས་ཏེ། གསར་འགོད་པར་གསལ་སྒྲོག་དེ་སྒྲོག་འདོན་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ལྔའི་ཀི་ལན་མཐོ་སྒང་ཐད་ཀྱི་ལངས་ཕྱོགས་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན་པ་དང་། ལངས་ཕྱོགས་དེར་འགྱུར་ལྡོག་བྱུང་མེད། རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་། ཁྱད་པར་དུ་གྲོས་ཆོད་གཉིས་བཞི་གཉིས་དང་གྲོས་ཆོད་བཞི་དགུ་བདུན་ལྟར་ན། རྒྱལ་ཁབ་ལྔ་ཡིས་དབྱི་སི་རལ་གྱིས་ཀི་ལན་མཐོ་སྒང་དང་བཅས་པའི་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་ཟླ་དྲུག་པའི་ཚུན་ལ་བཙན་བཟུང་བྱས་པའི་ས་ཁོངས་ལ་བདག་དབང་ཡོད་པ་ཁས་ལེན་བྱེད་མི་སྲིད་ལ། རྒྱལ་ཁབ་ལྔ་ཡིས་བཙན་བཟུང་བྱས་པའི་ས་ཁུལ་དེ་དག་དབྱི་སི་རལ་གྱི་མངའ་ཁོངས་ཡིན་བསམ་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དྲག་ཤུགས་སྤྱད་དེ་མངའ་ཁོངས་བདག་གིར་བྱེད་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། ཕྱོགས་གང་ཡིན་ཡང་མཐའ་མཚམས་ཀྱི་འགྱུར་ལྡོག་ཁྱབ་སྒྲོ་བྱེད་པའི་ཕྱོགས་གཅིག་གི་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་འགལ་ཡོད་པ་དང་། དེས་རྒྱལ་སྤྱིའི་སྒྲིག་ལམ་གྱི་རྨང་གཞིར་གཏོར་བརླག་བཏང་ཡོད། ཁྲིམས་འགལ་གྱིས་བཙན་བཟུང་བྱས་པའི་མངའ་ཁོངས་ཁས་ལེན་བྱས་ན་ཤུགས་རྐྱེན་ཚབས་ཆེན་འབྱུང་སྲིད་པ་དང་། ས་ཁུལ་གྱི་གནས་བབ་ལའང་གནོད་པ་འབྱུང་སྲིད་པས། རྒྱལ་ཁབ་ལྔ་ཡིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།