ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་གསུམ་གྱི་མཉམ་འབྲེལ་གསལ་བསྒྲགས་བཀོད་ནས་སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་བཅས་ཀྱིས་ཚེས་བཅུ་བཞི་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སཱོ་ཆི་ནས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན།

ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་ཉིན་དེར་སི་རི་ཡའི་གནས་བབ་དང་ཨ་མེ་རི་ཁས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད་པ་སོགས་ཀྱི་གནད་དོན་ཐད་ནས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ། གྲོས་མོལ་གྱི་རྗེས་སུ་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་དུ་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་བློ་བརྟན་འགྱུར་མེད་སྒོས་སི་རི་ཡའི་བདག་དབང་དང་རང་བཙན། གཅིག་གྱུར་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱ་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་བརྩི་སྲུང་བྱ་རྒྱུ་ཡིན་ཟེར། རྒྱལ་ཁབ་གསུམ་གྱིས་བལྟས་ན། རྩ་དོན་དེ་དག་ཡོངས་ཁྱབ་ཏུ་བརྩི་སྲུང་བྱེད་འོས་པ་དང་། མི་སུ་ཡིས་ཀྱང་བྱ་སྤྱོད་གང་རུང་ལ་བརྟེན་ནས་དེར་གཏོར་བརླག་བྱ་མི་ཆོག་པར་འདོད།

མཉམ་འབྲེལ་གསལ་བསྒྲགས་ནང་དུ་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་བཅས་ཀྱིས་འཇིགས་སྐུལ་ངོ་རྒོལ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡ་ནས་གནས་བབ་གསར་པ་བསྐྲུན་འདོད་པའི་བྱ་སྤྱོད་ཅི་ཡང་དང་ལེན་མི་བྱེད་ལ། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་བ། ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་གཏོར་བརླག་བྱེད་པ་དམིགས་ཡུལ་ཡིན་པའི་ཁ་བྲལ་རིང་ལུགས་ཀྱི་འཆར་གཞི་ཐམས་ཅད་ལ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན། གལ་ཏེ་ཨ་མེ་རི་ཁས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཐག་གཅོད་དེ་ལག་ལེན་དུ་བསྟར་ན། སི་རི་ཡའི་རྒྱལ་ནང་གི་གཏན་འཇགས་དང་བདེ་འཇགས་སྲ་བརྟན་དུ་གཏོང་བར་ཕན་པ་ཡོད་ཟེར།

རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་གསལ་བསྒྲགས་ཁྲོད་དུ་མུ་མཐུད་དུ་མཉམ་ལས་བྱས་ཏེ་སི་རི་ཡའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པ་སོགས་ཐལ་སྤྱོད་རྩ་འཛུགས་དང་དེ་འབྲེལ་གྱི་མི་རྣམས་རྩ་མེད་དུ་གཏོང་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས་ཡོད་ལ། རྒྱལ་ཁབ་གསུམ་པོ་སི་རི་ཡའི་ཤར་ཕྱོགས་ཀྱི་འགུལ་སྐྱོད་མཐུན་སྦྱོར་བྱས་ཏེ་ས་ཁུལ་དེའི་བདེ་འཇགས་དང་གཏན་འཇགས་ལ་ཁག་ཐེག་བྱེད་པར་འཐད་པ་བྱུང་བ་དང་། སི་རི་ཡའི་འགལ་བ་དེ་སི་རི་ཡའི་མི་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རམ་འདེགས་འོག་ཏུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ན་ད་གཟོད་ཐག་གཅོད་ཐུབ་ཅེས་ནན་གྱིས་བསྟན་ཡོད། རྒྱལ་ཁབ་གསུམ་པོས་སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་བསྐྱར་འཛུགས་བྱ་དགོས་པར་མ་ཟད། མུ་མཐུད་དུ་སི་རི་ཡའི་ཕྱོགས་སོ་སོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡའི་གནད་དོན་གྱི་ཆེད་མངགས་ཕོ་ཉར་རོགས་ལས་དང་གྲོས་མོལ་བྱ་དགོས་པ་བསྐྱར་བསྒྲགས་བྱས།

མཉམ་འབྲེལ་གསལ་བསྒྲགས་ནང་དུ་ད་དུང་སི་རི་ཡའི་འཐབ་འཁྲུག་རྒྱག་པའི་ཕྱོགས་སོ་སོས་བཟུང་དམག་བརྗེ་རེས་བྱས་པར་དགའ་བསུ་ཞུས་པ་དང་། ངེས་པར་དུ་མུ་མཐུད་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་བརྟེན་ནས་སི་རི་ཡའི་མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་པར་རོགས་རམ་བྱས་ཏེ། ཡུལ་གྱར་པ་རྣམས་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་པར་མཐུན་རྐྱེན་བསྐྲུན་དགོས་ཞེས་ནན་གྱིས་བསྟན་ཡོད།

མཉམ་འབྲེལ་གསལ་བསྒྲགས་ལྟར་ན། ཐེངས་རྗེས་མའི་ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་གསུམ་གྱི་མཐོ་རིམ་གྲོས་ཚོགས་ཐུར་ཁེ་ནས་བསྡུ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།