ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱ་ཡང་བསྐྱར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནང་ལོག་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་ཡིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་སི་རི་ཡཱ་ཡང་བསྐྱར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནང་ཞུགས་པའི་སྐུལ་མ་བཏང་བ་དང་། དབྱི་རག་གིས་སི་རི་ཡཱ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

ཧཱ་ཅི་མུའུ་ཡིས་ཉིན་དེར་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནས་བབ་དང་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཧཱ་ཅི་མུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་དབྱི་རག་གིས་སི་རི་ཡཱ་ཡང་བསྐྱར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནང་ལོག་པར་རྒྱབ་སྐྱོར་བྱེད་པར་གྲོས་བསྡུར་བྱས་ཡོད་ཟེར། 

སི་རི་ཡཱའི་ནང་འཁྲུག་དེ་ཉིས་སྟོང་བཅུ་གཅིག་ལོར་བྱུང་བ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ལོ་དེར་སི་རི་ཡཱ་ས་ཁུལ་རྩ་འཛུགས་དེ་ལས་ཕྱིར་ཕུད་པ་དང་། ཨ་རབ་རྒྱལ་ཁབ་མང་ཆེ་བས་སི་རི་ཡཱའི་སྲིད་གཞུང་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་། ཨ་རབ་རྒྱལ་ཁབ་རེ་འགས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཙུང་ཐུང་པཱ་ཧྲ་ཨར་གྱིས་མགོ་ཁྲིད་པའི་སྲིད་གཞུང་རྩ་རྫོགས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། བརྒྱུད་དེ་སི་རི་ཡཱའི་འཐབ་འཁྲུག་ལ་ཐེ་གཏོགས་བྱེད་བཞིན་ཡོད། 

ཡིན་ཡང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉེ་བའི་ལོ་གཉིས་ཀྱི་རིང་ཨུ་རུ་སིའི་རྒྱབ་སྐྱོར་འོག་ས་ཁོངས་ཆེན་མོ་ཕྱིར་འཕྲོག་ལེན་བྱས་པ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་སི་རི་ཡཱའི་བར་གྱི་འབྲེལ་བར་ཡང་འགྱུར་ལྡོག་བྱུང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པཱ་ལིན་གྱིས་ན་ནིང་ཟླ་བཅུ་གཉིས་པར་སི་རི་ཡཱའི་ཏཱ་མཱ་ཧྲི་ཀི་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་ཡང་བསྐྱར་འབྱེད་པ་དང་། དབྱི་རག་དང་ཅོར་ཏན་གྱིས་ལོ་གཅིག་ལ་སྒོ་བརྒྱབ་པའི་མཐའ་མཚམས་གྲུ་ཁ་སྒོ་འབྱེད་བྱས། 

སུའུ་ཏན་གྱི་ཙུང་ཐུང་པཱ་ཞེ་ཨར་གྱིས་ན་ནིང་ཟླ་བཅུ་གཉིས་པར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་དང་། སི་རི་ཡཱའི་ནང་འཁྲུག་བྱུང་ནས་ལོ་བརྒྱད་ཙམ་འགོར་བའི་རིང་ཐོག་དང་པོར་རྒྱལ་ཁབ་དེར་འཚམས་འདྲི་བྱས་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་གྱུར། 

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་དེའི་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སི་རི་ཡཱ་ཡིས་ཨ་རབ་རྒྱལ་ཁབ་མང་བོའི་བར་བཟོད་སྒོམ་བརྗེད་ཐོ་བཀོད་ཡོད་པ་དང་། དགྲར་འཛིན་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་རེ་བ་ཡོད་ཟེར། 

ཧཱ་ཅི་མུའུ་ཡིས་བཤད་རྒྱུར། སི་རི་ཡཱ་ཡང་བསྐྱར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནང་ལོག་པར་རྒྱབ་སྐྱོར་བྱས་པ་ལས་གཞན། ཁོ་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་སི་རི་ཡཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས་ཟེར། དབྱི་རག་གིས་སི་རི་ཡཱའི་སྒེར་ཚུགས་དང་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་གཞིར་བཟུང་ནས་སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་ཡར་སྐུལ་གཏོང་ངེས་ཡིན་ཟེར། གྲོས་ཆོད་དེ་ལྟར་ན། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཆབ་སྲིད་བར་བརྒལ་སྒྲོམ་གཞིའི་གྲོས་མཐུན་འགོད་དགོས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།