ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190128093651YxH6.jpg

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་གནས་བབ་ཀྱི་བྲེལ་མྱུར་གྲོས་ཚོགས་བསྡུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་ཝེ་ནེ་ཙུའེ་ལཱའི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་དང་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཏིས་ཁཱ་ལོ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་མཱ་ཁྲའོ་ཞུའུ་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་མིག་སྔའི་གནས་བབ་ཐད་ནས་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཏིས་ཁཱ་ལོ་ཡིས་བཤད་རྒྱུར། ངེས་པར་དུ་ནུས་ཤུགས་ཡོད་དགུ་བཏོན་ནས་ཝེ་ནེ་ཙུའེ་ལཱའི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་པ་དང་། ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་དེའི་སྤྱི་དམངས་ཀྱིས་ཞི་བདེ་དང་དར་རྒྱས། འགྲོ་མིའི་ཐོབ་ཐང་བཅས་མཉམ་སྤྱོད་བྱེད་པར་འགན་སྲུང་བྱ་དགོས་ཟེར། 

ཏིས་ཁཱ་ལོ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་པ་ནང་བཞིན་གནད་འགག་གི་སྐབས་སུ། འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་སྟེ། དྲག་ཤུགས་འབྱུང་བར་སྔོན་འགོག་བྱ་དགོས་ཟེར། ཏིས་ཁཱ་ལོ་ཡིས་ད་རུང་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་ལས་བསྟན་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་བཟོད་སྒོམ་རང་བཞིན་དང་ཡིད་རྟོན་རུང་བའི་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱའི་ཉམས་ཉེན་ཞི་འཇགས་སུ་གཏོང་བ་དང་། ཁྲིམས་སྐྱོང་དང་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་གང་ལེགས་བྱ་དགོས་པའི་སྐུལ་མ་བཏང་། 

ཏིས་ཁཱ་ལོ་ལས་གཞན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དགུའི་འཐུས་མིས་ཉིན་དེའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ། བྲེལ་མྱུར་གྲོས་ཚོགས་དེ་ནི་ཨ་མེ་རི་ཁས་རེ་བ་བཏོན་པ་ལྟར་བསྡུས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།