ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཐི་ལིང་ཕུའུ་ཡི་རྒྱལ་ཁབ་གནས་ཚུལ་སྐོར་གྱི་གཏམ་བཤད་རྗེས་སུ་སྣུར་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན། དམངས་གཙོ་ཏང་མི་ཕའེ་ལོ་ཞི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཁོ་མོས་ཉིན་དེར་ཐི་ལིང་ཕུའུ་ལ་འཕྲིན་ཡིག་བསྐུར་ཏེ། ཐི་ལིང་ཕུའུ་ཡིས་ཟླ་འདིའི་ཟླ་སྨད་ལ་གཏན་འཁེལ་བྱས་ཡོད་པའི་རྒྱལ་ཁབ་གནས་ཚུལ་སྐོར་གྱི་གཏམ་བཤད་རྗེས་སུ་སྣུར་རྒྱུའི་གྲོས་གཞི་བཏོན་ཡོད་ཟེར། 

ཕའེ་ལོ་ཞི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་འཕྲིན་ཡིག་དེ་ཁྱབ་སྒྲོག་བྱས། ཁོ་མོས་འཕྲིན་ཡིག་ནང་དུ་བཤད་རྒྱུར། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གཟའ་འཁོར་འདིའི་ནང་རྒྱུན་ལྡན་བྱ་བ་སླར་གསོ་བྱུང་ན། བདེ་འཇགས་ལ་བསམ་བློ་བཏང་སྟེ། ཁོ་མོས་སྲིད་གཞུང་གིས་ཡང་བསྐྱར་སྒོ་འབྱེད་རྗེས་རྒྱལ་ཁབ་གནས་ཚུལ་གྱི་གཏམ་བཤད་སྤེལ་བའི་དུས་ཚོད་ལ་གྲོས་བསྡུར་བྱ་དགོས་པའམ་ཡང་ན། ཐི་ལིང་ཕུའུ་ཡིས་ཡིག་ཐོག་ནས་རྒྱལ་ཚོགས་ལ་རྒྱལ་ཁབ་གནས་ཚུལ་སྐོར་གྱི་སྙན་ཞུ་སྤྲད་ཆོག་པའི་གྲོས་གཞི་བཏོན། 

ཕའེ་ལོ་ཞི་ཡིས་འཕྲིན་ཡིག་ནང་དུ་བཤད་རྒྱུར། རྒྱལ་ཁབ་གནས་ཚུལ་སྐོར་གྱི་གཏམ་བཤད་ཀྱི་བདེ་སྲུང་བྱ་བར་ཨ་མེ་རི་ཁའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡི་ཁོངས་སུ་གཏོགས་པའི་གསང་མྱུལ་བའི་ཁྲུའུ་ཡིས་འགན་ཁུར་ཡོད་ཀྱང་། གསང་མྱུལ་བའི་ཁྲུའུ་ཡིས་ད་ལྟའི་བར་ཉིན་ཉེར་དྲུག་རིང་འཁོར་སྐྱོད་མ་དངུལ་འབྱོར་མེད་ཟེར། དེ་ལས་གཞན་གཅིག་སྟོང་དགུ་བརྒྱ་དོན་བདུན་ལོའི་ཚུན་ལ། ཨ་མེ་རི་ཁའི་ཙུང་ཐུང་གིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལས་བྱོལ་བྱས་པའི་སྐབས་སུ་རྒྱལ་ཁབ་གནས་ཚུལ་སྐོར་གྱི་གཏམ་བཤད་སྤེལ་བ་ཞིག་གཏན་ནས་མེད་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་མིག་སྔར་དེར་ལན་ཅི་ཡང་བྱིན་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།