ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཞོན་ཐཱ་མཚོ་འགག་གི་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ལས་མི་ཉིས་བརྒྱ་དང་ཉེར་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས23ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཝན་ཏན་ཞིང་ཆེན་པན་ཏིས་ལན་ནས། རྒྱ་མཚོ་འཕྱུར་རྗེས་གང་སར་གད་སྙིགས་ཀྱིས་ཁེངས་ཡོད། 

ཟླ12པའི་ཚེས23ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཝན་ཏན་ཞིང་ཆེན་པན་ཏིས་ལན་ནས། རྒུད་སྐྱོབ་མི་སྣས་འདས་པོའི་བེམ་པོ་སྐྱེལ་བཞིན་པ། 

ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། ཧིན་རྡུ་ཉི་ཞི་ཡཱའི་ནུབ་ཕྱོགས་ཀྱི་ཞོན་ཐཱ་མཚོ་འགག་ཏུ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་བྱུང་བའི་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ལས་མི་ཉིས་བརྒྱ་དང་ཉེར་གཉིས་རྐྱེན་ལམ་དུ་ཤོར། མིག་སྔར་ས་དེའི་སྡོད་དམངས་མང་བོ་རྒྱ་མཚོ་འཕྱུར་བའི་དབང་གིས་ཕྱིར་འཐེན་བྱས་པ་དང་། གནོད་འགོག་ཁང་གིས་འབྲེལ་ཡོད་ཀྱི་ཁ་གྲངས་བསྡོམས་རྩིས་བྱེད་བཞིན་ཡོད་ཟེར། 

གནོད་འགོག་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ས་དེའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། རྒྱ་མཚོ་འཕྱུར་བ་ལས་ད་རུང་མི་བརྒྱད་བརྒྱ་དང་ཞེ་གསུམ་ལ་རྨས་ཕོག་པ་དང་། མི་ཉེར་བརྒྱད་གར་སོང་རྙེད་མེད། ཁང་བ་ལྔ་བརྒྱ་དང་ང་དྲུག མགྲོན་ཁང་དགུ། ཟ་ཁང་དྲུག་ཅུ་ལྷག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། གྲུ་གཟིངས་སུམ་བརྒྱ་དང་ལྔ་བཅུ་ལྷག་ལ་གཏོར་བརླག་ཐེབས་ཡོད། ཤི་རྨས་ཐེབས་པའི་མི་མང་ཆེ་བ་ནི་གནས་སྐོར་བ་དང་ས་དེའི་མང་ཚོགས་རེད། ཧིན་རྡུ་ཉི་ཞི་ཡཱའི་ཝན་ཏན་ཞིང་ཆེན་པན་ཏིས་ལན་རྫོང་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། མི་བརྒྱ་དང་རེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་བརྒྱ་དང་ཉེར་བཞིར་རྨས་ཕོག་ཡོད་ལ། མི་གཉིས་གར་སོང་རྙེད་མེད་ཟེར། 

སུའུ་ཐའོ་པའོ་ཡིས་བཤད་རྒྱུར། དམག་དཔུང་ཉེན་རྟོག་པ་དང་རྒྱལ་ཁབ་རྒུད་སྐྱོབ་ཅུའུ། རྒྱ་གྲམ་དམར་པོའི་ཚོགས་པ། ས་དེའི་མང་ཚོགས། དང་བླངས་མཁན་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་སྔོག་བཤེར་རུ་ཁག་གིས་རྒུད་སྐྱོབ་བྱ་བ་བྲེལ་མྱུར་ངང་སྤེལ་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་སྔོག་བཤེར་དང་བསྡོམས་རྩིས་བྱ་བ་སྤེལ་བ་དང་བསྟུན་ནས། ཐེངས་འདིའི་གནོད་འཚེ་ལས་ཤི་རྨས་ཐེབས་པའི་མི་གྲངས་དང་རྒྱུ་ནོར་གྱི་གྱོང་གུད་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། 

གཞན་ཡང་རྒུད་སྐྱོབ་བཀོད་འདོམ་ལྟེ་གནས་ཀྱི་ལས་བྱེད་མི་སྣས་བཤད་པ་ལྟར་ན། ཀྲུང་གོའི་ཐེ་ཝན་གྱི་སྤྱི་དམངས་ལྔ་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ཁྲོད་གར་སོང་རྙེད་མེད་ཟེར། 

ཞོན་ཐཱ་མཚོ་འགག་ཏུ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཉེར་བདུན་སྟེང་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་བྱུང་སྟེ། ཝན་ཏན་ཞིང་ཆེན་གྱི་པན་ཏིས་ལན་རྫོང་དང་ཞི་ལིན་རྫོང་། ནན་ཕིང་ཞིང་ཆེན་གྱི་མཚོ་འགྲམ་ས་ཁུལ་རེ་འགར་གནོད་འཚེ་ཐེབས། ཧིན་རྡུ་ཉི་ཞི་ཡཱའི་ནམ་ཟླ་དང་སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་དེ་ནི་ས་འགུལ་ལས་བྱུང་བ་མིན་པས། རྒྱ་མཚོ་འཕྱུར་བའི་སྔོན་བརྡ་བཏང་མེད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་མཚོ་འཕྱུར་བའི་རྒྱུ་མཚན་ནི་ཁཱ་ལཱ་ཁཱ་ཐའོ་མེ་རི་འཕྱུར་བ་ལས་རྒྱ་མཚོའི་ཞབས་ཀྱི་བྲག་རྡོ་གཏོར་བ་ལས་རྒྱ་མཚོ་རྒྱས་ནས་བྱུང་བ་ཡིན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།