ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཡིས་ཉོ་ཚོང་རང་དབང་ཅན་རྒྱུན་འཁྱོངས་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཞེ་ནེ་ནས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་མུ་མཐུད་དུ་ཉོ་ཚོང་རང་དབང་ཅན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། དངོས་གཉེར་གྱི་ཉོ་ཚོང་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ནུས་པ་ལེགས་བཅོས་དང་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

མའོ་ལི་སིན་གྱིས་ཉིན་དེར་ཨོ་སི་ཁྲུ་ལི་ཡཱའིི་ཨེ་ཤ་ཡཱ་མཐུན་ཚོགས་ནས་ཕྱི་འབྲེལ་སྲིད་ཇུས་ཐད་ནས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་ཡིས་རང་དབང་ཉོ་ཚོང་དང་འཛམ་གླིང་ཡོངས་ཀྱི་ཟབ་ཞུགས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། ཨོ་སི་ཁྲུ་ལི་ཡཱའི་འཕེལ་རྒྱས་དེ་སྒོ་འབྱེད་ཀྱི་ཉོ་ཚོང་དང་དངུལ་གཏོང་ལ་རག་ལས་ཡོད་ཟེར། 
མའོ་ལི་སིན་གྱིས་བཤད་རྒྱུར། ཨེ་ཤ་ཡཱ་ཡིས་འདས་པའི་ལོ་ངོ་སུམ་ཅུ་ལྷག་རིང་གི་འཕེལ་རྒྱས་ལས་ཨེ་ཤ་ཡཱ་གླིང་བཅོས་བསྒྱུར་བྱས་པར་མ་ཟད། འཛམ་གླིང་ཧྲིལ་བོ་བསྒྱུར་ཡོད། དར་རྒྱས་དེ་རིགས་ནི་མ་ལག་དང་སྒྲིག་སྲོལ་རབ་དང་རིམ་པའི་སྟེང་བཙུགས་ཡོད། མ་ལག་དང་སྒྲིག་སྲོལ་དེ་དག་གིས་དཔལ་འབྱོར་སྒོ་འབྱེད་རང་བཞིན་ལ་རྒྱབ་སྐྱོར་བྱས་པ་དང་། ཉོ་ཚོང་གི་བཀག་རྒྱ་མེད་པར་བཏང་ཡོད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ནི་མ་ལག་དེའི་སྙིང་བོ་ཡིན་པ་དང་། སྒྲིག་སྲོལ་དེས་གཅིག་ཆོད་ཀྱི་ཉོ་ཚོང་བཀག་སྡོམ་བྱེད་ཐབས་དང་ཕྱོགས་གཅིག་ཉོ་ཚོང་བྱེད་ཐབས་མཇུག་སྒྲིལ་བར་བྱས་ནས་རྒྱལ་ཁབ་སོ་སོས་རང་དབང་གིས་ཉོ་ཚོང་བྱེད་དུ་བཅུག་ཡོད་ཟེར། 
མའོ་ལི་སིན་གྱིས་ཨོ་སི་ཁྲུ་ལི་ཡཱ་དང་ས་ཁུལ་གཞན་པའི་རྒྱལ་ཁབ་བར་གྱི་འཕེལ་རྒྱས་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཀྲུང་གོའི་བར་གྱི་འབྲེལ་བའི་ཐད་ནས་ཁོས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་གནས་སྐོར། སློབ་གསོ་བཅས་ཀྱི་འབྲེལ་འདྲིས་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཚད་དུ་བསླེབ་ཡོདལ། ཨོ་སི་ཁྲུ་ལི་ཡཱ་ཡིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།