ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཟླ་བརྒྱད་པའི“ཀྲུང་གོའི་མི་བཟང་གི་མིང་ཐོ”ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8ཚེས31ཉིན། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་དུ་ཀྲུང་གོའི་མི་བཟང་གི་མིང་ཐོ་ཡོངས་བསྒྲགས་མཛད་སྒོ་འཚོགས་པ་མ་ཟད། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་དབར་སྤེལ་རེས་ཀྱི་བྱེད་སྒོ་ཡང་སྤེལ་བ་རེད། གཞན་ཕན་ལས་སྒྲུབ་བྱེད་པར་དགའ་བ་དང་། བདེན་པའི་རྒྱབ་ལངས་བྱེད་པ། ཡིད་རྟོན་གཞུང་དྲང་། ལས་ལ་བརྩོན་པ། ལེགས་སྐྱེས་འབུལ་རྒྱུར་དགའ་བ། རྒན་བཀུར་གཉེན་སྐྱོང་བཅས་བྱེད་མཁན་ཉེ་འགྲམ་གྱི་མི་བཟང་104ཟླ་བརྒྱད་པའི“ཀྲུང་གོའི་མི་བཟང་གི་མིང་ཐོའི”ནང་གཟི་བརྗིད་ལྡན་པའི་སྒོ་ནས་ཚུད་པ་རེད།

སི་ཁྲོན་ལུའུ་ཀྲོའུ་པཱ་ཞུན་གྲོང་ཚོའི་བགྲེས་སོང་ཞུང་ཀྲེན་ཞང་གིས་2001ལོ་ནས་བསགས་པའི་སྒོར་ཁྲི་10ལྷག་ཙམ་སེར་སྣ་སྤུ་ཙམ་ཡང་མེད་པར་གྲོང་གསེབ་ཀྱི་འགྲོ་ལམ་26བསྐྲུན་ཆེད་ཞལ་འདེབས་བརྒྱབ་པ་དང་། ཅང་ཤིས་ཅི་ཨན་གྱི་ཀུའོ་ཨན་ཆོན་དང་ཀུའོ་ཧྲུའེ་ཆོན་གཅེན་གཅུང་གཉིས་པོས་ཉེན་སྲུང་ཡོ་ཆས་གང་ཡང་མེད་པར་ཐོག་སོ་གསུམ་པའི་གྱང་ངོས་སུ་འཛེགས་ཏེ་དཔའ་ངར་ཆེན་པོས་དཔྱངས་འཕྲུལ་དུ་ལུས་པའི་བྱིས་པ་བསྐྱབས་པ། ཧྲའན་ཤིས་མུའེ་རྫོང་གི་ཞིང་པ་བུད་མེད་ཆིན་ཡུང་ཉིང་གིས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཚེ་ལས་འདས་པའི་ཁྱོ་གའི་བུ་ལོན་སྒོར་ཁྲི་13འཇལ་བ། ཀུའེ་ཀྲོའུ་ཐུང་རིང་གི་སྦྲག་པ་ཡའོ་མའོ་ཞན་གྱིས་ལོ་20ཡི་ནང་རིམ་རྩིས་བྱས་ན་ཕྱི་ཕྱོགས་ལ་ཐེངས་6000ལྷག་ཙམ་ཐོན་པ་དང་ལམ་ཐག་སྤྱི་ལེ་ཁྲི་30འགྲིམས་ཀྱང་བསྐུར་དངོས་བོར་བརླག་ཏུ་འགྲོ་མྱོང་མེད་ལ་སྐྱོན་ཡང་ཤོར་མྱོང་མེད་པ། ལོ་རབས་80ཡི་ནང་སྐྱེས་པའི་ཧོ་ནན་ཤིན་ཤང་གི་ཕོ་གཞོན་ཀྲང་ཆང་གིས་ཐོལ་བྱུང་གི་འཚིག་རྨས་ཆེན་པོ་བྱུང་བའི་རང་ཉིད་ཀྱི་ཕ་སྐྱོབ་ཆེད། ན་ཟུག་དྲག་པོ་ཁྱད་དུ་བསད་དེ་རང་གི་ལུས་ནས་བསྟུད་མར་པགས་འབྲེག་ཐེངས་གཉིས་བྱས་པ་ལ་སོགས་ལས་གནས་དཀྱུས་མ་དང་རྒྱུན་གཏན་འཚོ་བའི་ཁྲོད་ནས་ཐོན་པའི་མི་བཟང་ལས་བཟང་དེ་དག་ལས་ཧང་སངས་དགོས་པའི་སྟོབས་ཤུགས་ཤིག་འཕྱུར་གྱིན་ཡོད་ལ་མི་གཤིས་ཀྱི་བདེན་ལེགས་མཛེས་གསུམ་ཡང་མངོན་གྱིན་ཡོད། དེ་ལས་མཛད་སྒོ་འཚོག་ཡུལ་གྱི་ལྟད་མོ་བའི་ཁྲོད་སེམས་འགུལ་མི་ཐེབས་མཁན་གཅིག་ཀྱང་མེད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།