ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨུ་རུ་སིའི་སྔོན་ཆད་ཀྱི་གསང་མྱུལ་བར་དུག་ཕོག་པའི་དོན་རྐྱེན་དབང་གིས་ཨུ་རུ་སི་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་གསར་བ་དེ་དངོས་སུ་ནུས་ལྡན་དུ་གྱུར་བ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཨུ་རུ་སིའི་སྔོན་ཆད་ཀྱི་གསང་མྱུལ་བར་དབྱིན་ཇི་ནས་དུག་ཕོག་པའི་དོན་རྐྱེན་དབང་གིས་ཨུ་རུ་སི་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་གསར་བ་དེ་ཉིན་དེ་ནས་བཟུང་དངོས་སུ་ནུས་ལྡན་དུ་གྱུར་བ་དང་། འབྲེལ་ཡོད་བྱེད་ཐབས་དེ་ཉུང་མཐར་ཡང་ལོ་གཅིག་ལ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།  

ཨ་མེ་རི་ཁའི་རྒྱལ་སྤྱིའི་བདེ་འཇགས་དང་རྒྱ་ཡན་དུ་མི་གཏོང་བའི་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གྱི་ལས་རོགས་པ་ཧྥུའུ་ཐི་ཡིས་སྤྱི་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་སྒོ་ནས་རྫས་འགྱུར་མཚོན་ཆ་དང་རྒྱལ་ཁབ་རང་གི་མི་དམངས་ལ་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་རློམ་ཡོད་པ་དང་། ཨ་མེ་རི་ཁས་སྲིད་གཞུང་སྡེ་ཁག་གི་ཨུ་རུ་སིའི་དཔལ་འབྱོར་རོགས་སྐྱོར་དང་དམག་ཆས་ཕྱིར་འཚོང་གི་རོགས་སྐྱོར་ཡོད་ཚད་མཚམས་འཇོག་རྒྱུ་ཡིན་ཟེར། 

བཀག་སྡོམ་བྱེད་ཐབས་ལ་ད་རུང་ཨ་མེ་རི་ཁས་ཨུ་རུ་སི་ལ་འགོག་སྲུང་མཁོ་དངོས་དང་འགོག་སྲུང་ཞབས་ཞུ་ཕྱིར་གཏོང་བྱེད་པར་གཏན་འགོག་དང་། ཨ་མེ་རི་ཁའི་སྲིད་གཞུང་སྡེ་ཁག་གིས་ཨུ་རུ་སི་འདོན་སྤྲོད་བྱས་པའི་དངུལ་བུན་གཏན་འགོག་བྱེད་པ། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ལ་འབྲེལ་བ་དང་ཨུ་རུ་སི་ལ་ཚབས་ཆེ་བའི་ཚོང་རྫས་དང་ལག་རྩལ་གཏན་འགོག་བྱེད་པ་སོགས་འདུས། 

 སྤྱི་སྒྲོག་ལྟར་ན། ཐེངས་འདིའི་བཀག་སྡོམ་གྱི་ཁྱབ་ཁོངས་སུ་མི་གཏོགས་པ་ལ་ཨ་མེ་རི་ཁ་དང་ཨུ་རུ་སིའི་སྲིད་གཞུང་བར་གྱི་བར་སྣང་མཉམ་ལས་དང་། ཨུ་རུ་སི་རུ་ཡོད་པའི་ཨ་མེ་རི་ཁའི་ཁེ་ལས་དང་ཚོང་ལས་ཀྱི་སྐུ་མགྲོན་སོགས་ཀྱི་ཉོ་ཚོང་། ཨ་མེ་རི་ཁའི་ཨུ་རུ་སིའི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། ཟས་རིགས་དང་ཞིང་ཞོར་ཐོན་རྫས་ཀྱི་མཁོ་འདོན་སོགས་འདུས། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨུ་རུ་སིའི་བཀག་སྡོམ་དངོས་སུ་ནུས་ལྡན་དུ་གྱུར་བ་ཁྱབ་སྒྲོག་བྱས་པའི་ཉིན་དེར། ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སི་གཞུང་ཚབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་སྤེལ་བའི་སྐོར་ཐེངས་གསར་བའི་དགྲར་འཛིན་དང་ཁྲིམས་འགལ་གྱི་བཀག་སྡོམ་དེ་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན། བཀག་སྡོམ་བྱེད་ཐབས་དེ་ལས་ཨུ་རུ་སིའི་རྒྱལ་སྤྱིའི་ལས་དོན་ཁྲོད་རང་ཉིད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་ལ། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་གནས་ལུགས་ཅི་ཡང་མེད་པའི་གནོན་ཤུགས་དེ་ཐེག་ཐུབ་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།