ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་གླེང་སྟེགས་སྐབས་བཅུ་གཉིས་པ་ཧྥེ་ལེ་པེན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་གླེང་སྟེགས་སྐབས་བཅུ་གཉིས་པ་ཚེས་ཉེར་བདུན་ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་སྤེལ། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། ཆེད་མཁས་པ། ཁེ་ལས། སྲིད་གཞུང་མ་ཡིན་པའི་རྩ་འཛུགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་ཀྱི་མི་བརྒྱ་དང་ཉི་ཤུ་ལྷག་གླེང་སྟེགས་ལ་ཞུགས།

ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཀྲི་ཀང་གིས་གླེང་སྟེགས་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཕོངས་སེལ་བ་དང་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ། རིམ་བཞིན་ཐུན་མོང་འབྱོར་ཕྱུག་ཏུ་འགྱུར་བ་དེ་ལས་འགན་གཙོ་བོར་བཟུང་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ཀྲུང་གོ་ནས་མི་དུང་ཕྱུར་བརྒྱད་དབུལ་ཕོངས་ལས་ཐར་བ་དང་། འཛམ་གླིང་ཡོངས་ཀྱི་དབུལ་སེལ་ཐད་བཞག་པའི་བྱས་རྗེས་བརྒྱ་ཆའི་བདུན་ཅུ་ལས་བརྒལ་ཡོད་ཟེར།

ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་ཧྥེ་ལེ་པེན་རྒྱལ་ཡོངས་དབུལ་སྐྱོར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཡིན་ཞིང་། བརྗོད་སྙིང་ནི་དབུལ་སེལ་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ལས་དབང་ཚོགས་པ་འཛུགས་དགོས་ཞེས་པ་དེ་ཡིན། གླེང་སྟེགས་དེ་ཚེས་ཉེར་བརྒྱད་ཉིན་མཇུག་སྒྲིལ་རྒྱུ་རེད། སྐབས་ཐོག་དེར་གླེང་སྟེགས་ལ་ཞུགས་པའི་འཐུས་མི་དག་གིས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་སྡེ་དར་སྤེལ་དང་དབུལ་སེལ་ལག་ལེན། མཁར་གྲོང་དབུལ་ཕོངས་འབྲེལ་འདྲིས་དང་དབུལ་སེལ་གསར་གཏོད། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་སྡེའི་འཕེལ་རྒྱས་དང་ཉོ་ཚོང་རང་དབང་ཅན། དེ་མིན་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ལས་དབང་ཚོགས་པ་འཛུགས་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།