ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱི་གསར་འགོད་པ་ཞིག་ཅ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཁྲོད་ནས་དབྱི་སི་རལ་གྱི་དམག་གིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཞིན་ཧྭ་གསར་འགྱུར་ཁང་གིས་ཅ་ཧྲ་ནས་བསྒྲགས་པའི་གསར་འགྱུར། ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡི་ཅ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཨ་ཧྲི་ལཱ་ཧྥུའུ་ཁཱ་ཏི་ལཱ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཚེས་དྲུག་ཉིན་ཅ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཁྲོད་ནས་རྨས་ཕོག་པའི་ཕ་ལེ་སི་ཐན་པ་གཉིས་ལ་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེས་བདུན་ཉིན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གི་གཅིག་ནི་གསར་འགོད་པ་ཞིག་རེད་ཟེར། 

ཁཱ་ཏི་ལཱ་ཡིས་གསལ་བསྒྲགས་ཐུང་ངུ་ཞིག་གི་ནང་དུ་བཤད་རྒྱུར། འདས་པོ་གཉིས་ནི་ལོ་སུམ་ཅུ་ཅན་གྱི་པར་ལེན་གསར་འགོད་པ་ཞིག་དང་ལོ་ཉི་ཤུ་ཅན་གྱི་ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་ཡིན་ལ། གཉི་གར་མེ་མདའ་ཕོག་ནས་རྨས་རྗེས་རྐྱེན་ལམ་དུ་ཤོར་བ་རེད། དེ་དང་བསྟུན་ནས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཚུན་གྱི་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་ཕ་ལེ་སི་ཐན་པ་ཉེར་དགུ་ལ་བུད་པ་རེད་ཟེར།

ས་དེའི་སྨན་བཅོས་མྱུར་སྐྱོབ་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། པར་ལེན་གསར་འགོད་པ་དེའི་མིང་ལ་ཡཱ་ཞི་ཨར་མུའུ་ཨར་ཐ་ཅ་ཟེར་བ་དང་། སྐབས་དེར་ཁོས་ཅ་ཧྲ་ས་ཁུལ་མཐའ་མཚམས་ཀྱི་འཁྲུག་རྩོད་བྱུང་ས་ན་པར་ལེན་བཞིན་ཡོད། ཁོས་ཁོག་སྟོད་ཏུ་ཐོག་ལ་གསར་འགྱུར་འགོད་མཁན་ཞེས་བྲིས་ཡོད་པའི་མདེལ་འགོག་གྱོན་ལྭ་གོན་ཡོད་ནའང་། དབྱི་སི་རལ་གྱི་དམག་མིའི་མེ་མདའ་ཕོག་པ་རེད་ཟེར།

མུའུ་ཨར་ཐ་ཅ་ནི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཚུན་ལ་ཅ་ཧྲ་ས་ཁུལ་ནས་བསྟུད་མར་བྱུང་བའི་འཁྲུག་རྩོད་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཐོག་མ་རེད།

ཕ་ལེ་སི་ཐན་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཚེས་བདུན་ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་མིས་ཕ་ལེ་སི་ཐན་གྱི་གསར་འགོད་པར་མེ་མདས་བརྒྱབ་པར་རྒོལ་གཏམ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་མྱུར་དུ་བྱེད་ཐབས་སྤྱད་དེ། ཕ་ལེ་སི་ཐན་གྱི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན།ཕ་ལེ་སི་ཐན་པས་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ནས་དུས་ཡུན་གཟའ་འཁོར་འགའི་ཕྱིར་ལྡོག་ཁྲོམ་སྐོར་ཆེན་མོ་ཞེས་པའི་རྔམ་སྟོན་བྱ་འགུལ་སྤེལ། ཉེ་བའི་ཉིན་འགའི་རིང་ལ།ཕ་ལེ་སི་ཐན་པ་དང་དབྱི་སི་རལ་གྱི་དམག་མིའི་བར་དུ་མཐའ་མཚམས་ནས་རྒྱུན་ཆད་མེད་པར་འཁྲུག་རྩོད་བྱུང་སྟེ།ཕ་ལེ་སི་ཐན་ཕྱོགས་ཀྱི་མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།