ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་བའི་ཉོ་ཚོང་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་མི་སྲིད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ལོ་སཱ་ལི་ཨོ་ཡིས་ཚེས་བཞིའི་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་གསུམ་ཐིག་གཅིག་གི་རྟོག་ཞིབ་ལ་གཞིགས་ཏེ་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་བསྡུ་བའི་གྲོས་གཞིའི་གསལ་ཁྲ་ཁྱབ་སྒྲོག་བྱས་པར་དོ་སྣང་བྱེད་བཞིན་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་བའི་ཉོ་ཚོང་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ལོ་སཱ་ལི་ཨོ་ཡིས་ཉིན་དེར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ན་ནིང་ཟླ་བརྒྱད་པར་ཨ་མེ་རི་ཁས་གསུམ་ཐིག་གཅིག་རྟོག་ཞིབ་མགོ་བརྩམས་པའི་ཚུན་ལ་ནམ་རྒྱུན་གནས་ཚུལ་ལ་རྗེས་འདེད་རྟོག་ཞིབ་བྱེད་བཞིན་ཡོད། ཨ་མེ་རི་ཁས་ནང་དོན་ཞིབ་རྒྱས་ཁྱབ་སྒྲོག་བྱས་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་དབྱེ་ཞིབ་དང་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།

ལོ་སཱ་ལི་ཨོ་ཡིས་ནན་གྱིས་བསྟན་དོན། ཉོ་ཚོང་བྱེད་ཐབས་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁྱབ་ཁོངས་ནང་ལག་བསྟར་བྱེད་དགོས་ཤིང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་རང་སྟེང་ནས་ཉོ་ཚོང་རྩོད་གླེང་ཐག་གཅོད་བྱེད་པར་ཡོ་བྱད་མང་བོ་འདོན་སྤྲོད་བྱས་ཡོད་ཟེར། ལོ་སཱ་ལི་ཨོ་ཡིས་ད་རུང་འབྲེལ་ཡོད་ཕྱོགས་སོ་སོས་རང་སྟེང་གི་ཉོ་ཚོང་བྱ་སྤྱོད་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཚམ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤྱོད་བཞིན་པའི་ཉོ་ཚོང་བྱེད་ཐབས་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཚམ་མིན་ཐད་ནས་ཞིབ་འཇུག་ནན་མོ་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁས་ཚེས་གསུམ་ཉིན་གསུམ་ཐིག་གཅིག་རྟོག་ཞིབ་ཀྱི་མཇུག་འབྲས་ལ་གཞིགས་ཏེ། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིའི་གཞུང་སྒྲུབ་ཁང་གིས་སྒོ་ཁྲལ་བསྡུ་རྩིས་ཡོད་པའི་ཀྲུང་གོའི་ཚོང་རྫས་ཀྱི་གསལ་ཁྲ་ཁྱབ་སྒྲོག་བྱས་པ་དང་། ལོ་རེར་ཀྲུང་གོ་ནས་ནང་འདྲེན་བྱེད་པའི་ཚོང་རྫས་རིགས་སྣ་སྟོང་གཅིག་དང་སུམ་བརྒྱ་ལྷག་གི་རིན་ཐང་མེ་སྒོར་ཐེར་ཆེན་ལྔ་ཙམ་གྱི་ཚོང་རྫས་ལ་འབྲེལ་བ་ཡོད་པ་རེད།

ཀྲུང་གོའི་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་བསྟན་དོན། ཨ་མེ་རི་ཁའི་བྱེད་ཐབས་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་དང་མངོན་གསལ་གྱིས་འགལ་ཡོད་པ་དང་། ཀྲུང་གོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལྟར་ལོངས་སུ་སྤྱོད་པའི་ཁྲིམས་མཐུན་ཁེ་ཕན་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ལ། ཀྲུང་གོའི་དཔལ་འབྱོར་ཁེ་ཕན་དང་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།