ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཡིས་སང་ལོའི་ཟླ་དང་པོར་འཇར་པན་དུ་འཚམས་འདྲི་བྱས་ཏེ་དམག་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་ཡིས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཐི་ཨིན་པུའུ་ཨར་གྱིས་སང་ལོའི་ཟླ་དང་པོར་འཇར་པན་དུ་འཚམས་འདྲི་བྱས་ཏེ། འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་ཕྱོགས་གཉིས་ཀྱི་དམག་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར།

གལ་ཏེ་འགྲུལ་བཞུད་དེ་དོན་འཁྱོལ་བྱུང་ན། ཐི་ཨིན་པུའུ་ཨར་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས་ཏེ། འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་ཡིས་འཚམས་འདྲིའི་དམག་དཔུང་གི་གོ་གནས་གྲོས་ཆོད་འགོད་པའི་ཐད་ནས་སྒྲོམ་གཞིའི་གྲོས་མཐུན་འབྱུང་བར་བརྩོན་ལེན་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། སྒྲོམ་གཞིའི་གྲོས་མཐུན་བྱུང་རྗེས། འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་སྦྱོང་བརྡར་སྤེལ་བའི་སྐབས་སུ། དྲག་ཆས་སྒྲིག་ཆས་ཀྱི་ནང་འདྲེན་འགྲོ་ལུགས་སྟབས་བདེ་རུ་བཏང་སྟེ། འཇར་པན་རང་སྲུང་རུ་ཁག་དང་ཨོ་སི་ཁྲུ་ལི་ཡཱའི་དམག་དཔུང་གིས་རྒྱལ་ཁབ་གཉིས་བར་བྱ་འགུལ་གང་ལེགས་ཀྱི་སྤེལ་བར་སྟབས་བདེ་བཟོ་རྒྱུ་རེད་ཟེར།

འཇར་པན་གྱིས་ཉེ་བའི་ལོ་འགའི་རིང་ཨོ་སི་ཁྲུ་ལི་ཡཱ་དང་དབྱིན་ཇི་སོགས་རྒྱལ་ཁབ་བར་གྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་པར་བརྩོན་བཞིན་ཡོད། འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་ཡིས་ཉིས་སྟོང་བཅུ་བཞིའི་ལོར་འཚམས་འདྲིའི་དམག་དཔུང་གི་གོ་གནས་གྲོས་ཆོད་འགོད་པར་གྲོས་མོལ་བྱེད་མགོ་བརྩམས། ཟླ་བཅུ་གཉིས་པའི་ཚེས་བཅུ་བཞིའི་ཉིན། འཇར་པན་དང་དབྱིན་ཇི་ཡིས་ལོན་ཏོན་ནས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་བསྡུས་ཏེ། སང་ལོར་རྒྱལ་ཁབ་གཉིས་ཀྱི་འཚམས་འདྲིའི་དམག་དཔུང་གི་གོ་གནས་གྲོས་ཆོད་འགོད་པར་དངོས་སུ་གྲོས་མོལ་བྱེད་རྒྱུ་ཐག་བཅད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།