མུའུ་ནན་ཅཱ་ཀུའུ་ཝ་ཕྱིར་ཙེམ་པབ་ཝེ་རུ་ལོག་པ་དང་དཔལ་འབྱོར་འཕེལ་རྒྱས་ཐད་འབད་བརྩོན་བྱེད་རྒྱུ་ཁས་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙེམ་པབ་ཝེའི་སྲིད་འཛིན་ཏང་གིས་ཙེམ་པབ་ཝེའི་ཙུང་ཐུང་གསར་བར་འདེམ་བསྐོ་བྱས་པའི་མུའུ་ནན་ཅཱ་ཀུའུ་ཝ་ཚེས་ཉེར་གཉིས་ཉིན་ཕྱིར་རྒྱལ་ནང་དུ་ལོག་པ་དང་། རྒྱལ་ས་ཧཱ་ལཱ་ལོས་ནས་གཏམ་བཤད་སྤེལ་ཏེ། ལས་འགན་ཁུར་རྗེས་དཔལ་འབྱོར་འཕེལ་རྒྱས་ཐད་འབད་བརྩོན་བྱེད་རྒྱུ་ཁས་ལེན་བྱས།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟན་དོན། ཁོའི་ཙུང་ཐུང་གཞོན་པའི་ལས་འགན་བླངས་རྗེས་མི་སྒེར་གྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་པས། མྱུར་མོར་ཙེམ་པབ་ཝེ་དང་བྲལ་ནས་ཨ་ཧྥེ་རི་ཁ་ལྷོ་མར་སོང་བ་ཡིན་ཟེར།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟན་དོན། ཙེམ་པབ་ཝེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་རང་སྟེང་གི་འབད་བརྩོན་ལ་བརྟེན་ནས་མིག་སྔར་ཉམས་དམས་སུ་ཡོད་པའི་དཔལ་འབྱོར་དར་རྒྱས་སུ་གཏོང་དགོས་ཟེར། ཁོས་ཙེམ་པབ་ཝེའི་མི་ཚང་མས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ལས་འགན་ཁུར་རྗེས་དཔལ་འབྱོར་འཕེལ་རྒྱས་ཐད་འབད་འབུངས་བྱས་ཏེ། མང་ཚོགས་ལ་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།

ཙེམ་པབ་ཝེའི་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏིན་ཏཱ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཙེམ་པབ་ཝེའི་ཙུང་ཐུང་མུའུ་ཅཱ་པེ་ཡིས་ཙུང་ཐུང་གི་ལས་འགན་བསྐྱུར་བ་དུས་ལྟར་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

མུའུ་ཏིན་ཏཱ་ཡིས་ཚེས་ཉེར་གཉིས་ཉིན་གྱི་ཉིན་གུང་ཁྱབ་སྒྲོག་བྱས་དོན། སྲིདི་འཛིན་ཏང་ཙེམ་པབ་ཝེའི་ཨ་ཧྥེ་རི་ཁ་གླིང་མི་རིགས་མནའ་འབྲེལ་དང་རྒྱལ་གཅེས་འཐབ་ཕྱོགས་ཀྱིས་ཏང་ཁག་དེའི་ཀྲུའུ་ཞི་དང་ཞོར་དུ་ཧྲུའུ་ཅི་དང་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ནན་ཅཱ་ཀུའུ་ཝ་ཙུང་ཐུང་གསར་བར་བདམས་པར་ཐག་བཅད་ཟེར། མུའུ་ཏིན་ཏཱ་ཡིས་བཤད་རྒྱུར། རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། མུའུ་ནན་ཅཱ་ཀུའུ་ཝ་ཡིས་མུའུ་ཅཱ་པེ་ཡི་ཙུང་ཐུང་གི་འགན་ཡུན་ལྷག་མའི་ལས་འགན་ཡོངས་འགྲུབ་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་ཙུང་ཐུང་འདེམ་བསྐོ་བྱེད་རག་བར་ཏུ་འགན་ཁུར་དགོས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།