ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཛ་དྲག་གི་འབྲེལ་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་གྲོས་མོལ་སྤེལ་ཏེ། དབྱི་རག་གི་གཅིག་གྱུར་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་དབྱི་རག་གནས་བབ་ཐད་ནས་གྲོས་བསྡུར་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཧྥ་རན་སིའི་འཐུས་མི་ཏི་ལཱ་ཐི་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་ཕྱོགས་གཉིས་ཀྱིས་དྲག་ཤུགས་མི་བཀོལ་བ་དང་དྲག་ཤུགས་བཀོལ་བའི་འཇིགས་སྐུལ་མི་བྱེད་པར་གང་མགྱོགས་སྒོས་གྲོས་མོལ་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། དབྱི་རག་གི་གཅིག་གྱུར་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁོས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱུས་ལོན་བྱུང་བ་ལྟར་ན། དབྱི་རག་གི་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གང་ཡིན་ཡང་གྲོས་མོལ་གྱི་རེ་འདུན་བསྟན་པ་དང་། ཕྱོགས་གཉིས་ཀྱིས་མྱུར་མོར་གྲོས་མོལ་གྱི་དུས་ཚོད་རེའུ་མིག་གཏན་འབེབས་བྱེད་དགོས་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དབྱི་རག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། གཅིག་གྱུར་བཅས་ལ་བརྩི་འཇོག་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། སྟོབས་ཤུགས་གཅིག་ཏུ་དྲིལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་དགོས་པ་བསྐྱར་སྒྲོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།