ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱས་པས་རྒྱལ་ཁབ་མང་བོས་ཁྲའོ་ཞན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱིས་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པར་འབྲིང་འཕེན་འཕུར་མདའ་ཞིག་གཏོང་འཕེན་ཚོད་ལྟ་བྱས་པ་དང་། འཕུར་མདའ་དེ་འཇར་པན་གྱི་བར་སྣང་བརྒྱུད་རྗེས་འཇར་པན་ཤར་ངོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་སུ་ལྷུང་བ་རེད། རྒྱལ་ཁབ་མང་བོས་དོན་དེར་རྒོལ་གཏམ་བཏང་། ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པར་ངོ་རྒོལ་བྱས་པ་དང་། ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བརྩི་སྲུང་ནན་མོ་བྱས་ཏེ། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཧན་གོའི་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་གྱིས་ཡང་བསྐྱར་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཁྲའོ་ཞན་ཕྱོགས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་ཡོད་ལ། ཁྲའོ་ཞན་ཕྱེད་གླིང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་བཟོས་པར་སྐྱོན་འཛུགས་བྱས། གསལ་སྒྲོག་ལས་ཁྲའོ་ཞན་ཕྱོགས་ཀྱིས་དཀྲུག་འཕེན་བྱ་སྤྱོད་མཚམས་བཞག་སྟེ་སྔ་མོ་ནས་ཉིང་རྡུལ་ནུས་པ་མེད་པའི་གྲོས་མོལ་གྱི་ལམ་དུ་ཞུགས་དགོགས་པའི་སྐུལ་མ་བཏང་། དེ་ལས་གཞན་ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་གྱི་བྱ་སྤྱོད་ལ་མྱུར་མོར་རྒོལ་ལན་སྤྲད། ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱས་ནས་སྐར་མ་དྲུག་གི་རྗེས་སུ་ཧན་གོས་འཕུར་མདའི་སྦྱོང་བརྡར་སྤེལ་བ་དང་། དམིགས་ཡུལ་ནི་ཧན་གོའི་དམག་ཕྱོགས་ཀྱི་དམག་གྲབས་རྣམ་པ་ངོམས་པའི་ཆེད་རེད།

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཉིན་དེའི་སྔ་དྲོར་བསྡུས་པའི་རྒྱལ་ཁབ་བདེ་སྲུང་གྲོས་ཚོགས་སྟེང་བསྟན་དོན། གནས་བབ་འདི་འདྲའི་འོག་ཁྲའོ་ཞན་ཕྱོགས་དང་གྲོས་མོལ་བྱེད་མི་སྲིད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅོ་ལྔ་ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁྲའོ་ཞན་གྱིས་འབྲིང་འཕེན་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱེད་པའི་བྱ་སྤྱོད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གསར་བར་འགལ་ཡོད་པ་དང་། ཨུ་རུ་སི་ཡིས་དོན་དེར་ཡིད་འཕང་བའི་ཚུལ་སྟོན་བཞིན་ཡོད་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གོང་གི་གྲོས་ཆོད་ལག་བསྟར་བྱེད་དགོས་པར་འདོད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱས་པ་དེ་ནི་ཨ་མེ་རི་ཁའི་མནའ་མཐུན་གྲོགས་པོ་འཇར་པན་ལ་ཐེངས་གཉིས་པར་ཐད་ཀར་འཇིགས་ཉེས་བཟོས་པའི་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་པ་དང་། བྱ་སྤྱོད་དེ་རིགས་ཀྱིས་ཁྲའོ་ཞན་གྱི་ཕྱི་འབྲེལ་དང་དཔལ་འབྱོར་ཐད་ཀྱི་འགལ་བ་ཇེ་དྲག་ཏུ་གཏོང་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁྲའོ་ཞན་གྱིས་ཡང་བསྐྱར་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱེད་མཚམས་འཇོག་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱས་ནས། ཉིང་རྡུལ་ནུས་པ་མེད་པའི་གཟབ་ནན་གྱི་གྲོས་མོལ་སླར་གསོ་བྱེད་པར་གོ་སྐབས་བསྐྲུན་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།