ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁི་ལུང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་ཧྥ་རན་སིའི་ཕྱི་འབྲེལ་ནང་དོན་གྱི་གཙོ་བོའི་གཙོ་བོ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཁོའི་ཕྱི་འབྲེལ་སྲིད་ཇུས་དེ་ཧྥ་རན་སིའི་བདེ་འཇགས་དང་སྒེར་ཚུགས། ཤུགས་རྐྱེན་བཅས་ལ་དམིགས་ཏེ་སྤེལ་བཞིན་ཡོད་ཅིང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་ཧྥ་རན་སིའི་མང་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ་ནི་ཧྥ་རན་སིའི་ཕྱི་འབྲེལ་ནང་དོན་གྱི་གཙོ་བོའི་གཙོ་བོ་ཡིན་ཟེར།

མཱ་ཁི་ལུང་གིས་ཕཱ་རེ་སི་ནས་ཧྥ་རན་སི་རུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོའི་ལོ་ཚོགས་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། དེ་ནི་ཁོས་ད་ལོའི་ཟླ་ལྔ་བར་དངོས་སུ་ཧྥ་རན་སིའི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཐོག་དང་པོར་མ་ལག་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ཕྱི་འབྲེལ་སྲིད་ཇུས་རྒྱས་བཤད་བྱས་པ་རེད།

མཱ་ཁི་ལུང་གིས་ཁྱབ་སྒྲོག་བྱས་དོན། འཇིགས་སྐུལ་རིང་ལུགས་རྩ་རྫོགས་བྱེད་ཆེད། ཁོས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མགོར་འཇིགས་སྐུལ་རིང་ལུགས་ཀྱི་མ་དངུལ་འཁོར་རྒྱུག་དྲ་བར་ཆམ་ཕབ་གཏོང་བར་ཤུགས་སྣོན་པར་དམིགས་པའི་གྲོས་ཚོགས་ཤིག་སྤེལ་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། སྔར་ལས་ལྷག་པའི་སྒོ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་ཆེད། ཧྥ་རན་སི་ཡིས་ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་གིས་ད་རུང་བསྟན་དོན། ཨ་ཧྥེ་རི་ཁ་ནི་ཧྥ་རན་སིའི་ཕྱི་འབྲེལ་གྱི་གཙོ་གནད་ཅིག་ཡིན་པ་དང་། མཱ་ཀི་ལི་པུའུ་ས་ཁུལ་ནི་སྔར་བཞིན་ཧྥ་རན་སིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་མང་བོའི་ཕྱི་འབྲེལ་གྱི་ཐོག་མའི་གདམ་གསེས་ཡིན། གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་གླིང་དང་ས་དཀྱིལ་མཚོ་ཁོངས། ཡོ་རོབ་གླིང་བཅས་གཅིག་ཏུ་སྦྲེལ་བའི་འཁོར་རྟེན་ཞིག་འཛུགས་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་གིས་ད་རུང་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ལོ་རྒྱུས་སྲོལ་རྒྱུན་གྱི་འབྲེལ་བ་བརྟན་པོ་དེ་སྲུང་འཛིན་བྱེད་ཐུབ་པའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།