ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཐུར་ཁེའི་རིགས་རྒྱུད་ཀྱི་འདེམ་དམངས་ཚོས་འདེམ་བསྐོའི་ཁྲོད་འཇར་མན་སྲིད་འཛིན་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་མི་རུང་བའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཐུར་ཁེའི་རིགས་རྒྱུད་ཀྱི་འདེམ་དམངས་དག་གིས་ཟླ་དགུ་བར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་ཁྲོད་མིག་སྔར་མའོ་ཁི་ཨར་གྱིས་མགོ་ཁྲིད་པའི་སྲིད་འཛིན་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་མི་རུང་བའི་རེ་བ་བཏོན།

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་གསར་འགྱུར་ལས་རིགས་བརྒྱུད་དེ་འཇར་མན་དུ་ཡོད་པའི་ཐུར་ཁེའི་རིགས་རྒྱུད་ཀྱི་འདེམ་དམངས་ལ་འབོད་པ་བཏང་སྟེ། ཐུར་ཁེ་ལ་དགྲར་འཛིན་གྱི་བསམ་པ་ཡོད་པའི་སྲིད་འཛིན་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་མི་རུང་བ་དང་། ཐུར་ཁེ་ལ་དགྲར་འཛིན་གྱི་བསམ་པ་མེད་པའི་ཏང་ཁག་ལ་འདེམ་ཤོག་འཕེན་དགོས་པའི་རེ་བ་བཏོན།

ན་ནིང་ཟླ་བདུན་པར་ཐུར་ཁེ་ནས་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་བྱུང་རྗེས། ཐུར་ཁེའི་ཕྱི་ནང་གི་སྲིད་ཇུས་ལ་ལེགས་སྒྲིག་ཆེན་པོ་བྱས་པ་དང་། འཇར་མན་དང་ཐུར་ཁེའི་རྒྱལ་ཁབ་གཉིས་བར་འགལ་བ་མི་ཉུང་བ་ཡོད། ཐུར་ཁེའི་སྲིད་གཞུང་གིས་འཇར་མན་གྱིས་སྲིད་འགྱུར་ལ་ཞུགས་པའི་མི་སྣར་ཆབ་སྲིད་འགེབས་སྲུང་བྱས་པར་སྐྱོན་འཛུགས་བྱས་པ་དང་། འཇར་མན་སྲིད་གཞུང་གིས་ཐུར་ཁེ་ཡིས་འཇར་མན་གྱི་སྤྱི་དམངས་བཀག་འཇུག་བྱས་པར་སྐྱོན་འཛུགས་བྱས།

ཟླ་དྲུག་པའི་ཟླ་མཇུག་ལ། འཇར་མན་སྲིད་གཞུང་གིས་ཐུར་ཁེའི་ཕྱོགས་ཀྱི་ཨེ་ཨར་ཏའོ་ཨན་ཧན་པའོ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་འཇར་མན་དུ་ཡོད་པའི་ཐུར་ཁེ་པས་འདུ་ཚོགས་སྤེལ་བའི་སྐོར་གྱི་རེ་ཞུ་དང་ལེན་མ་བྱས་པ་དང་། དེའི་རྗེས་སུ་ཐུར་ཁེ་ཡིས་འཇར་མན་གྱི་གྲོས་མིའི་འཐུས་ཚབ་ཚོགས་པས་ཐུར་ཁེའི་མངའ་ཁོངས་སུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཁའ་དམག་རྟེན་གཞིའི་འཇར་མན་གྱི་དཔོན་དམག་ལ་འཚམས་འདྲི་བྱེད་དུ་མ་བཅུག

ཟླ་བདུན་པར། ཐུར་ཁེའི་ཁྲིམས་ཁང་ཞིག་གིས་འཇིགས་སྐུལ་རྩ་འཛུགས་ལ་རོགས་རམ་བྱེད་པ་རྒྱུ་མཚན་དུ་བྱས་ཏེ་འཇར་མན་གྱི་མི་ཕིས་ཏི་ཧྲི་ཐའོ་དབྱེ་ཐི་ནཱ་སོགས་མུ་མཐུད་དུ་བཀག་འཇུག་བྱས་པས། བྱ་སྤྱོད་དེར་འཇར་མན་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།