ཅོར་ཏན་གྱིས་དབྱི་སི་རལ་གྱིས་ཅོར་ཏན་གྱི་སྤྱི་དམངས་བསད་པའི་གཞུང་ཚབ་མི་སྣ་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་གྱི་ཕེ་ཐི་ལཱ་གསར་འགྱུར་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་གྱིས་ཁྲིམས་ལྟར་བྱ་བ་བསྒྲུབ་ནས། ཅོར་ཏན་གྱི་སྤྱི་དམངས་གཉིས་བསད་པའི་ཅོར་ཏན་དུ་སྡོད་པའི་དབྱི་སི་རལ་གཞུང་ཚབ་ཁང་གི་མི་སྣ་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཕོ་བྲང་ནས་བསྡུས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས་ཀྱི་ཁ་གཏད་འཇལ་ཐབས་ཀྱིས་ཐལ་སྤྱོད་རིང་ལུགས་ལ་ངན་སྐུལ་བྱས་པ་དང་། ས་ཁུལ་གྱི་བརྟན་འཇགས་ལ་གཏོར་བརླག་བྱས་པས། ཅོར་ཏན་དང་དབྱི་སི་རལ་གྱི་འབྲེལ་བར་དོན་དངོས་རང་བཞིན་གྱི་གནོད་པ་ཐེབས་ངེས་ཟེར།

ཨན་མན་ན་ཡོད་པའི་ཅོར་ཏན་དུ་སྡོད་པའི་གཞུང་ཚབ་ཁང་གི་ཉེ་འདབས་ནས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅོར་ཏན་པ་གཅིག་དང་དབྱི་སི་རལ་གྱི་གཞུང་ཚབ་པ་གཅིག་བར་དུ་ཁྱིམ་ཆས་དུས་ལྟར་མ་བསྐྱལ་བའི་རྐྱེན་གྱིས་ཁ་འཛིང་བྱུང་བ་དང་། ཅོར་ཏན་པ་དེས་དབྱི་སི་རལ་གྱི་མི་དེར་གཅུ་འབིག་གིས་གཙགས་པ་དང་། དབྱི་སི་རལ་གྱི་མི་དེས་མེ་མདས་བརྒྱབ་སྟེ་ཅོར་ཏན་པ་དེ་བསད། ས་དེ་རུ་ཡོད་པའི་ཅོར་ཏན་གྱི་ཁང་བདག་ལ་ཡང་རྨས་ཕོག་པ་དང་། སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེ་ལས་འདས།

ཚེས་ཉེར་བཞི་ཉིན་གྱི་དགོང་མོ། ཅོར་ཏན་དུ་སྡོད་པའི་དབྱི་སི་རལ་གཞུང་ཚབ་ཁང་གི་མི་ཚང་མ་བདེ་འཇགས་ངང་དབྱི་སི་རལ་ལ་ཕྱིར་འཐེན་བྱས། ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་དབྱི་སི་རལ་བདེ་འཇགས་ཁང་གིས་ཡེ་ལུའུ་ས་ལུན་མཁར་རྙིང་གི་གནས་རིའི་སྒོ་ཁ་རུ་བཞག་པའི་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་ཕྱིར་ལེན་རྒྱུའི་ཐག་བཅད། གསར་འགྱུར་ལས་ཁུངས་ཁ་ཤས་ཀྱིས་བསྒྲགས་པ་ལྟར་ན། ཅོར་ཏན་ཕྱོགས་ཀྱིས་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་ལེན་པ་དེ་དབྱི་སི་རལ་གྱི་གཞུང་ཚབ་མི་སྣ་ཕྱིར་དབྱི་སི་རལ་དུ་འགྲོ་རུ་འཇུག་པའི་ཆ་རྐྱེན་དུ་བརྩིས་ཟེར་མོད། ཡིན་ནའང་ཅོར་ཏན་དང་དབྱི་སི་རལ་གཉི་གས་བཤད་ཚུལ་དེ་ཁས་མ་བླངས།

ཅོར་ཏན་ཉེ་སྔོན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་གསར་བའི་ཁྲོད་དུ་ཚུད། ཟླ་འདིའི་ཚེས་ཉེར་གཅིག་ཉིན། ཅོར་ཏན་གྱི་གྲོང་ཁྱེར་མང་པོ་ནས་གཞི་ཁྱོན་ཆེ་བའི་དབྱི་སི་རལ་ལ་རྒོལ་བའི་ཁྲོམ་སྐོར་བྱས་པ་དང་། མང་ཚོགས་ཁྲི་ཕྲག་སྲང་ལམ་དུ་སོང་ནས། དབྱི་སི་རལ་གྱིས་ཉེ་སྔོན་གནས་མཆོག་ནས་སྤེལ་བའི་འགུལ་སྐྱོད་ལ་ངོ་རྒོལ་བྱས་པ་དང་། དབྱི་སི་རལ་གྱིས་བྱ་སྤྱོད་དེའི་རིགས་མྱུར་དུ་མཚམས་འཇོག་རྒྱུའི་རེ་བ་བཏོན། མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་དེས་ཅོར་ཏན་གྱི་མང་ཚོགས་ཀྱིས་དབྱི་སི་རལ་ལ་རྒོལ་བའི་ཁོང་ཁྲོ་ཇེ་ཆེར་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།