ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་འཇར་མན། ཨུ་རུ་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཁ་པར་ལས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གནད་དོན་གྱི་ནོ་མན་ཏེའི་ཕྱོགས་བཞི་སྟེ་ཧྥ་རན་སི་དང་འཇར་མན། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་མགོ་ཁྲིད་པས་ཚེས་ཉེར་བཞི་ཉིན་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་སོ་སོ་ཁྱོན་ཡོངས་ནས་དམག་འཁྲུག་མཚམས་བཞག་སྟེ། མེན་སི་ཁོའི་གྲོས་ཆོད་ལག་བསྟར་བྱེད་པའི་མཇུག་མཐའི་གོམ་སྟབས་བཟང་པོར་སྤོ་དགོས་པར་ལྟ་ཚུལ་གཅིག་མཐུན་བྱུང་།

རྒྱལ་ཁབ་བཞིའི་མགོ་ཁྲིད་པས་འདིས་སྔོན་གྱི་གྲོས་མོལ་ནི་ན་ནིང་གི་ཟླ་བཅུ་པར་སྤེལ་བ་རེད། ཐེངས་འདིའི་གྲོས་མོལ་དུས་ཚོད་གཉིས་ཙམ་གྱི་རིང་ལ་སྤེལ་བ་དང་། ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁོ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་བཅས་ཀྱིས་གྲོས་མོལ་འགོ་བརྩམས་མ་ཐག་ཡོ་རོབ་གླིང་བདེ་འཇགས་རྩ་འཛགས་ཀྱི་ཝུའུ་ཁི་ལན་ཤར་ཕྱོགས་ཉེན་ཚབ་སྐོར་གྱི་སྙན་ཞུ་ལ་ཉན།

ཝུའུ་ཁི་ལན་གྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཕྱོགས་སོ་སོས་ཉེ་སྔོན་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཀྲ་ཧ་ཨར་ཆིན་ཁོ་ཡིས་བཏོན་པའི་ཨུ་རུ་སི་ཆུང་བ་ཞེས་པའི་འཛུགས་པའི་དོན་དག་ཐད་ནས་གྲོས་སྡུར་བྱས། ཝུའུ་ཁི་ལན་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གཏམ་བརྗོད་དེའི་རིགས་ནི་མི་རུང་བ་ཞིག་ཡིན་ཞེས་ནན་གྱིས་བསྟན།

ཚང་མས་དོ་སྣང་བྱེད་རིན་ཡོད་པ་ཞིག་ནི་མོ་སི་ཁོ་ཕྱོགས་ནས་ཐེངས་འདིའི་གྲོས་མོལ་གྱི་གནས་ཚུལ་སྒྲོག་པའི་གསར་འགྱུར་ནང་དུ་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་ནང་ཁུལ་གནད་དོན་ཐད་ནས་གྲོས་སྡུར་བྱས་ཞེས་བཤད་པ་དེ་རེད།

ཝུའུ་ཁི་ལན་གྱི་རང་བཙན་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐང་པོ་ལོ་ཧྲིན་ཁོ་ཡིས་གྲོས་མོལ་བྱེད་སྐབས། ཟླ་བདུན་པ་ནས་བཟུང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་ཇེ་སྡུག་ཏུ་གྱུར་བས། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན་པ་ཡིན་ཞེས་ནན་གྱིས་བཤད་ཟེར། དེས་མི་ཚད་ཁོས་ད་དུང་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་ཡིས་ཨུ་རུ་སིའི་མངའ་ཁོངས་བཀག་ཉར་བྱས་པའི་ཝུའུ་ཁི་ལན་གྱི་མི་གཏའ་ཕྱིར་གཏོང་རྒྱུའི་རེ་བ་བཅངས་ཡོད་མོད། ཡིན་ནའང་དོན་དག་དེར་ཨུ་རུ་སིས་ཁ་ཡ་མ་བྱས་པར་བསྐྱུར་ཡོད་ཅེས་བཤད་ཟེར།

རྒྱལ་སྤྱིའི་ཡིག་སྐྱེལ་གློག་འཕྲིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་སོ་སོས་གྲོས་མོལ་བྱས་རྗེས། ཁྱོན་ཡོངས་ནས་དམག་འཁྲུག་མཚམས་བཞག་སྟེ་མཚོན་ཆ་དྲག་པོའི་རིགས་ཕྱིར་འཐེན་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་བདེ་འཇགས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེར་ལྟ་རྟོག་བྱེད་རྒྱུར་འཐད་པ་བྱུང་། གྲོས་མོལ་བྱེད་པའི་ཕྱོགས་སོ་སོས་ལངས་ཕྱོགས་མཐུན་སྦྱོར་བྱས་ཏེ་མེན་སི་ཁོའི་གྲོས་ཆོད་ལག་བསྟར་བྱེད་པའི་མཇུག་མཐའི་གོམ་སྟབས་བཟང་པོར་སྤོ་རྒྱུའི་ཐག་བཅད་པ་དང་། དེའི་ཆེད་དུ་ཟླ་བརྒྱད་པའི་ཟླ་སྨད་ལ་ནོ་མན་ཏེའི་ཕྱོགས་བཞིའི་མགོ་ཁྲིད་པའི་ཕྱི་འབྲེལ་བློ་འདོན་གྲོས་ཚོགས་བསྡུ་རྒྱུའི་ཐག་བཅད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་པར། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་དྲག་ཤུགས་འཁྲུག་རྩོད་བྱུང་། ལོ་དེའི་ཟླ་དགུ་པར། ཕྱོགས་སོ་སོས་མེན་སི་ཁོ་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་མོད། ཡིན་ནའང་དམག་འཁྲུག་ཡོངས་སུ་མཚམས་འཇོག་མ་ཐུབ། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པར། མེན་སི་ཁོའི་གྲོས་ཆོད་གསར་བ་བཀོད་པ་དང་། ཕྱོགས་སོ་སོ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཆབ་སྲིད་བཀོད་སྒྲིག་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་ནའང་། ལྟ་ཚུལ་དེ་དག་ཕན་ནུས་ལྡན་པར་ལག་བསྟར་བྱེད་མ་ཐུབ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཀ་གསར་བ་ལྟར་ན། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཉེན་ཚབས་བྱུང་བའི་ཚུན་ལ་མི་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཉིས་དང་སྟོང་བཞི་ལྷག་ལ་རྨས་ཕོག་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།