ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་ཉེར་དྲུག་ཉིན་པུའུ་ཀྲང་རིམ་པའི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཉེ་བའི་དུས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ནང་དུ་བཤད་རྒྱུར། ཅོར་ཏན་རྒྱལ་ཁབ་ཀྱིས་རེ་བ་བཏོན་པ་དང་། མནའ་འབྲེལ་ཁོངས་གཏོགས་ཀྱི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱས་པར་བསྟུན་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ཚོགས་པའི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་བསྡུས་ཏེ། ཡེ་ལུའུ་ས་ལུན་ནས་བྱུང་བའི་འཁྲུག་རྩོད་དོན་རྐྱེན་དང་དབྱི་སི་རལ་སྲིད་གཞུང་གི་ཁ་གཏད་བྱེད་ཐབས་སྐོར་ལ་གྲོས་སྡུར་བྱེད་རྒྱུའི་ཐག་བཅད་པ་ཡིན་ཟེར།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གིས་སྤྱད་པའི་བྱེད་ཐབས་དེ་བདེ་འཇགས་ལ་འབྲེལ་བ་མེད། དེ་ནི་རང་སྡུག་རང་གིས་ཉོ་བའི་རྒྱུ་ཡིན་ལ། དེས་ཨ་རབ་དང་མུའུ་སི་ལིན་རྒྱལ་ཁབ་ལ་ཉེན་ཚབས་ཆེན་པོ་འབྱུང་བར་བྱེད་སྲིད་ཟེར། ཀའེ་ཐི་ཡིས་ཡེ་ལུའུ་ས་ལུན་གྱི་གནད་དོན་ཐད་ནས་ཧ་ཅང་སེམས་ཆུང་བྱེད་དགོས་པ་དང་། ཨ་རབ་དང་མུའུ་སི་ལིན་མི་དམངས་ཀྱིས་དབྱི་སི་རལ་གྱི་བདེ་འཇགས་མི་སྣའི་བྱ་སྤྱོད་དེ་དང་ལེན་བྱེད་མི་ཐུབ་ཅེས་ནན་གྱིས་བཤད།

ཟླ་འདིའི་ཚེས་བཅུ་བཞི་ཉིན། དབྱི་སི་རལ་གྱི་ཉེན་རྟོག་པ་གསུམ་ལ་ཡེ་ལུའུ་ས་ལུན་གྱི་གནས་རིའི་འདབས་རོལ་ནས་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་དབྱི་སི་རལ་གྱིས་དོན་རྐྱེན་བྱུང་ས་དེ་བཀག་སྡོམ་བྱས་ཏེ། མུའུ་སི་ལིན་གྱི་དད་ལྡན་པ་མཇལ་ཕྱག་བྱེད་པར་འགྲོ་རུ་མ་བཅུག ཚེས་བཅུ་དྲུག་ཉིན་ཉེན་རྟོག་ཕྱོགས་ཀྱིས་རིམ་བཞིན་གནས་རིའི་སྟེང་གི་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་ཕྱེས་འགོ་བརྩམས་མོད། ཡིན་ནའང་སྒོ་ཁ་རུ་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་དང་བརྙན་མིག་བཞག མུའུ་སི་ལིན་གྱི་མང་ཚོགས་རྣམས་དེར་བྱེད་ཐབས་དེར་མ་དགའ་བར་བསྟུད་མར་ངོ་རྒོལ་བྱ་འགུལ་སྤེལ་བ་དང་། ངོ་རྒོལ་བྱ་འགུལ་ཁ་ཤས་ཁྲོད་དུ་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་ལ་རྨས་ཕོག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།