ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཨ་མེ་རི་ཁས་འཇིགས་སྐུལ་རིང་ལུགས་གནས་བབ་ཀྱི་སྙན་ཞུ་སྤེལ་བར་བློ་གཏོད་རྒྱུ་ཅི་ཡང་མེད་ཅེས་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་གནས་བབ་ཀྱི་ལོ་གཅིག་གི་སྙན་ཞུའི་ནང་དུ་དམིགས་ཡུལ་མི་ལེགས་པའི་སྒོ་ནས་དཀར་ནག་གི་གོ་ལྡོག་ཡོད་པས་དེར་བློ་གཏོད་རྒྱུ་ཅི་ཡང་མེད་ཅེས་སྐྱོན་བརྗོད་བྱས།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་དགུ་ཉིན་སྤེལ་བའི་ཉིས་སྟོང་བཅུ་དྲུག་ལོའི་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་གནས་བབ་ཀྱི་སྙན་ཞུའི་ནང་དུ་དབྱི་ལང་ནི་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་གྲས་སུ་བཞགཡོད་ལ། དབྱི་ལང་གིས་དབྱི་རག་དང་སི་རི་ཡ་སོགས་རྒྱལ་ཁབ་ཀྱི་འཇིགས་སྐུལ་རྩ་འཛུགས་རྒྱབ་སྐྱོར་བྱས་པར་བཤད་ཡོད།

དོན་དེའི་ཐད་ནས་དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁ་ཞི་མུས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁས་སྤེལ་བའི་སྙན་ཞུ་དེས་དོན་དངོས་སྣང་མེད་དུ་བཞག་པ་དང་། དབྱི་ལང་གིས་མིག་སྔར་འཇིགས་སྐུལ་ངོ་རྒོལ་གྱི་གཡུལ་ས་རུ་འཐབ་འཛིང་བྱས་ཏེ། ས་ཁུལ་རང་གི་ཆེས་ཉེན་ཁ་ཆེ་བའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར། 
ཁོས་བཤད་རྒྱུར། ཨ་མེ་རི་ཁས་བཤད་བཞིན་པའི་འཇིགས་སྐུལ་ངོ་རྒོལ་མནའ་འབྲེལ་ཟེར་བ་དེས་ད་གཟོད་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་བཞིན་པ་མ་ཟད། འཇིགས་སྐུལ་རིང་ལུགས་ཀྱི་འབྱུང་ཁུངས་ཡིན་པར་བདེན་དཔང་གསལ་པོ་ཡོད། ཨ་མེ་རི་ཁས་སྙན་ཞུའི་མིང་གཡར་ནས་མི་རྣམས་ལ་མགོ་སྐོར་བཏང་སྟེ་འཛམ་གླིང་གི་ཁྱབ་ཁོངས་སུ་འཇིགས་སྐུལ་རིང་ལུགས་ལ་མ་དངུལ་གྱིས་རོགས་སྐྱོར་བྱས་པའི་དོན་དངོས་དེ་འགེབ་འདོད་པ་རེད་ཟེར།

ཁོས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ནི་འཛམ་གླིང་ཡོངས་ཀྱི་འཇིགས་སྣང་ཡིན། དབྱི་ལང་གིས་མུ་མཐུད་དུ་འབད་བརྩོན་ཆེན་པོས་འཐབ་འཛིང་བྱེད་རྒྱུ་ཡིན་ལ། དབྱི་རག་དང་སི་རི་ཡའི་སྲིད་གཞུང་ལ་དགོས་མཁོ་བྱུང་ཚེ། དབྱི་ལང་གིས་དེ་དག་དང་མཉམ་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་འཇིགས་སྐུལ་རྩ་འཛུགས་གཞན་པར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

གཅིག་སྟོང་དགུ་བརྒྱ་གྱ་བཞི་ལོ་ནས་བཟུང་། ཨ་མེ་རི་ཁས་དབྱི་ལང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་གྲས་སུ་བཞག་ཡོད། ཨ་མེ་རི་ཁས་དབྱི་ལང་གིས་དབུས་ཤར་ས་ཁུལ་གྱི་འཇིགས་སྐུལ་བྱ་འགུལ་ལ་རྒྱབ་སྐྱོར་བྱས་པ་མ་ཟད་ཉིང་རྡུལ་ནུས་པ་ཞི་བས་བཀོལ་སྤྱོད་བྱེད་པར་ཁ་གཡར་ནས་ཉིང་རྡུལ་མཚོན་ཆ་དང་འཕུར་ལམ་འཕུར་མདའ་གོང་འཕེལ་དུ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་བྱེད་བཞིན་ཡོད།

ཨ་མེ་རི་ཁའི་གོང་གི་སྐྱོན་འཛུགས་དེ་དབྱི་ལང་གིས་ཁས་ལེན་བཞིན་མེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།