ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་ཁས་ལེན་བྱས་དོན། ཧིན་རྡུ་ཉི་ཞི་ཡཱའི་མི་ལྔ་དྲུད་ཡོད་པའི་གནམ་གྲུ་ཆུང་བ་ཞིག་ཉིན་དེར་ཤར་ཕྱོགས་ཀྱི་པཱ་པུའུ་ཡཱ་ཞིང་ཆེན་གྱི་རི་ཁུལ་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་རྣམས་ཤི་གསོན་ཆ་མི་འཚལ་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་རྒུད་སྐྱོབ་ལྟེ་གནས་ཀྱི་མགྲིན་ཚབ་པ་མཱ་ཨར་སུའུ་ཏིས་ཀྱིས་བཤད་རྒྱུར། གནམ་གྲུ་ཆུང་བ་དེ་ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་པཱ་པུའུ་ཡཱ་ཞིང་ཆེན་གྱི་ཁྲ་ཡཱ་ཝེ་ཁྲ་ཡཱ་རྫོང་གི་ཝ་མཱེ་ནཱ་གནམ་གྲུ་ཐང་ནས་འཕུར་བ་དང་། སྔོན་གྱི་འཆར་གཞི་ལྟར་ན་ཨིན་ཏུའུ་ཅཱ་རྫོང་དུ་འཕུར་རྩིས་རེད། གནམ་གྲུ་དེ་འཕུར་ནས་ཅང་མ་འགོར་བར་ས་ངོས་དང་འབྲེལ་ཐག་ཆད་པ་རེད། རྒུད་སྐྱོབ་མི་སྣས་དེའི་རྗེས་སུ་བར་སྣང་ནས་མཐོང་བ་ལྟར་ན། གནམ་གྲུ་དེ་ཝ་མཱེ་ནཱ་གནམ་གྲུ་ཐང་གི་ཉེ་འདབས་རི་ཁུལ་དུ་ལྷུང་བ་ཤེས།

མཱ་ཨར་སུའུ་ཏིས་ཀྱིས་བཤད་རྒྱུར། གནམ་གྲུ་དེ་ནི་སྒེར་གྱི་ཀུང་ཟི་ཞིག་གི་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་གནམ་གྲུའི་སྟེང་དུ་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གཉིས་དང་འགྲུལ་བ་གསུམ་ཡོད། དེ་མིན་གནམ་གྲུའི་སྟེང་དུ་ད་རུང་སྤྱི་རྒྱ་ལྔ་བརྒྱ་ལྷག་ཡོད་པའི་དངོས་རྫས་དྲུད་ཡོད། མིག་སྔར་ཚོད་དཔག་བྱས་ན་དོན་རྐྱེན་དེ་ནི་ནམ་ཟླ་མི་བཟང་བའི་དབང་གིས་བྱུང་བ་ཡིན་སྲིད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།