ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་གྲོང་རྡལ་ཆུང་བ་ཐའོ་ཨར་མུས་ནཱ་རུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་བཞིན་པའི་མགོ་ཁྲིད་པ་དག་གིས་ཚེས་ཉེར་དྲུག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཁས་ལེན་བྱས།

གསལ་སྒྲོག་ལྟར་ན། འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་ལས་དོན་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་། རྒྱལ་ཁབ་བདུན་གྱིས་ནུས་ཤུགས་གང་ཡོད་ཀྱིས་འཇིགས་སྐུལ་ཉེས་ཅན་དང་དེའི་རྒྱབ་སྐྱོར་མཁན་ལ་དོགས་ཟོན་དང་རྟོག་ཞིབ། ཞུ་གཏུག་བཅས་བྱས་ཏེ། འཇིགས་སྐུལ་རིང་ལུགས་བྱ་འགུལ་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཟེར།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་དྲ་རྒྱའི་འཇིགས་སྐུལ་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུ་ཁས་ལེན་བྱས་པ་དང་། བྱེད་ཐབས་སྤྱད་ནས་ཕྱི་རྒྱལ་གྱི་དྲག་ཆས་མི་སྣ་དག་འཁྲུག་རྩོད་བྱུང་བའི་ས་ཁུལ་ནས་ཕྱི་རུ་འགྲོ་བའི་ཉེན་ཁར་ཚོད་འཛིན་ནན་མོ་བྱེད་དགོས་པའི་ཚུལ་བསྟན་པར་མ་ཟད། འགུལ་སྐྱོད་སྤེལ་ཏེ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་སྤེལ་བའི་མ་དངུལ་ཡོང་ཁུངས་རྩ་ནས་གཅོད་དགོས་ཟེར།

གསལ་སྒྲོག་ལས་དཔེར་དྲངས་པའི་བྱེད་ཐབས་གཞན་པ་ད་རུང་གསང་འཕྲིན་མཉམ་སྤྱོད་ལ་ཡར་སྐུལ་གཏོང་བ་དང་། མཐའ་མཚམས་དང་བར་སྣང་གི་བདེ་སྲུང་བྱེད་ཐབས་ལ་ཤུགས་སྣོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་ཐབས་ཇུས་ལ་རྒྱབ་སྐྱོར་བྱེད་པ། མི་རིགས་མི་འདྲ་བའི་བར་གྱི་བཟོད་སྒོམ་དང་གྲོས་མོལ། ཕན་ཚུན་རྒྱུས་ལོན་བཅས་ལ་ཡར་སྐུལ་གཏོང་བ་སོགས་འདུས།

དབྱི་ཐཱ་ལེའི་ཙུང་ལི་ཀྲིན་ཏིས་ལོ་ནེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གསལ་སྒྲོག་དེ་ནི་ཚེས་ཉེར་གཉིས་ཉིན་དབྱིན་ཇིའི་མན་ཁྲི་སི་ཐི་ནས་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་དབྱིན་ཇི་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ང་ཚོའི་མཐུན་སྒྲིལ་དང་ང་ཚོའི་དམ་བཅའ། ང་ཚོས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་བཅས་མཚོན་པར་བྱེད་པའི་ཆེད་ཡིན་ཟེར།

ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་ཉེར་དྲུག་ཉིན་དབྱི་ཐཱ་ལེའི་ཞི་ཞི་ལིའི་གྲོང་རྡལ་ཆུང་བ་ཐའོ་ཨར་མུས་ནཱ་ནས་ཚོགས་མགོ་བརྩམས། ཨ་མེ་རི་ཁ་དང་། འཇར་མན། དབྱིན་ཇི། ཧྥ་རན་སི། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་དེ་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་གྱུར་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།