ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པས་མུ་མཐུད་དུ་ཨ་མེ་རི་ཁ་དང་འཇར་པན་གྱི་མནའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་འཇར་པན་གྱིས་མུ་མཐུད་དུ་མཉམ་ལས་ཟབ་མོ་བྱས་ཏེ། མནའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཕིན་སི་ཡིས་ཉིན་དེར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཨ་མེ་རི་ཁ་དང་འཇར་པན་གྱི་མནའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། སྔ་མོ་ནས་ཨ་མེ་རི་ཁ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་སྤེལ་བ་སོགས་གནད་དོན་ལ་གཅིག་གྱུར་འཐད་པ་བྱུང་།

ཕིན་སི་ཡིས་ཉིན་དེར་ད་རུང་འཇར་པན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ཧྲིན་ཐེ་ལིང་དང་མཉམ་དུ་ཨ་མེ་རི་ཁ་དང་འཇར་པན་ཕྱོགས་གཉིས་ཀྱི་དཔལ་འབྱོར་གྲོས་མོལ་ལ་ཞུགས། ཁོས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་འཇར་པན་གྱིས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ་རྒྱུན་མཐུད་ཀྱི་གྲོས་མོལ་རྐྱེན་སྲོལ་འཛུགས་རྒྱུ་ཡིན་ཟེར། དེ་ལས་ཨ་མེ་རི་ཁས་སྔར་ལས་ལྷག་པའི་སྒོ་ནས་འཇར་པན་དང་བཅས་པའི་རྒྱལ་ཁབ་གཞན་པའི་བར་གྱི་ཕྱོགས་གཉིས་ཀྱི་ཉོ་ཚོང་འབྲེལ་བ་རྒྱ་བསྐྱེད་འདོད་ཡོད་ཟེར།

ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་གླེང་སྐབས་ཕིན་སི་ཡིས་བསྟན་དོན། ཨ་མེ་རི་ཁས་རྒྱུན་འཁྱོངས་བྱེད་པའི་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་བྱེད་པའི་དམིགས་འབེན་ལ་འགྱུར་ལྡོག་བྱུང་མེད། ཨ་མེ་རི་ཁ་དང་འཇར་པན་གྱིས་ཀྲུང་གོ་དང་ཧན་གོའི་བར་མཉམ་ལས་བྱས་ཏེ། དཔ་འབྱོར་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཕིན་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཧན་གོའི་འཚམས་འདྲི་མཇུག་སྒྲིལ་རྗེས་འཇར་པན་དུ་ཡོང་བ་རེད། དེ་ནི་ཁོས་ཨ་མེ་རི་ཁས་ཙུང་ཐུང་གཞོན་པའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་འཇར་པན་དུ་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།