ཁྲའོ་ཞན་ཨ་མེ་རི་ཁས་སི་རི་ཡཱ་རུ་བར་སྣང་འཇབ་རྒོལ་བྱས་པར་འཇིགས་མི་སྲིད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་ཨ་མེ་རི་ཁས་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱས་པ་ནི་བདག་དབང་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་ཡིན་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཨ་མེ་རི་ཁས་ཉེན་བརྡ་གཏོང་བའི་རང་བཞིན་གྱི་འགུལ་སྐྱོད་སྤེལ་བར་ཁྲའོ་ཞན་འཇིགས་མི་སྲིད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཚེས་བདུན་ཉིན་ཨ་མེ་རི་ཁས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་རྫས་འགྱུར་མཚོན་ཆ་བཀོལ་ནས་མི་སེར་དཀྱུས་མ་དམར་གསོད་བཏང་བར་ཁ་གཡར་ནས། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ལ་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། དེ་ནི་བདག་དབང་རྒྱལ་ཁབ་ལ་སྤེལ་བའི་བཙན་འཛུལ་གྱི་བྱ་སྤྱོད་ངེས་ཅན་ཞིག་ཡིན་པས། ཁྲའོ་ཞན་གྱིས་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད། མི་ལ་ལས་བཤད་ན་ཨ་མེ་རི་ཁས་སི་རི་ཡཱ་ནས་ཐེངས་འདིའི་དམག་དོན་འགུལ་སྐྱོད་དེ་འདྲ་སྤེལ་བ་ནི་ཁྲའོ་ཞན་ལ་ཉེན་བརྡ་གཏོང་བའི་བྱ་སྤྱོད་ཅིག་ཡིན་པར་བརྗོད་ཀྱང་། ཁྲའོ་ཞན་དེར་འཇིགས་སྣང་སྐྱེས་མི་སྲིད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཐེངས་འདིར་ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་ལས། འཛམ་གླིང་ཡོངས་ཀྱིས་སུ་ཞི་བདེ་ལ་གཏོར་བརླག་བྱེད་མཁན་ཡིན་པ་གསལ་བོར་མཐོང་ཐུབ་ཟེར། སི་རི་ཡཱའི་གནས་ཚུལ་དེ་ལས་ཁྲའོ་ཞན་གྱིས་རང་ཉིད་ཀྱི་སྟོབས་ལ་བརྟེན་ན་ད་གཟོད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་བཀག་འགོག་ཐུབ་པ་དང་རང་ཉིད་ཀྱི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་ཐུབ་པ་ཡང་བསྐྱར་གསལ་བོར་ཤེས་སུ་བཅུག་ཡོད་ཟེར། མགྲིན་ཚབ་པ་དེས་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་གཙོ་བོར་བྱས་པའི་དམག་དོན་སྟོབས་ཤུགས་ཀྱིས་ཨ་མེ་རི་ཁའི་བཙན་འཛུལ་རྡུལ་དུ་བརླག་རྒྱུ་ཡིན་པ་དང་། རང་སྲུང་རང་བཞིན་གྱི་རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ནས་རང་ཉིད་ཀྱི་སྟོབས་ཤུགས་བཀོལ་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།