ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་ནུས་ལྡན་དུ་གྱུར་བར་དགའ་བསུ་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙེ་ཝེ་ཏའོ་ཡིས་ཚེས་ཉེར་གཉིས་ཉིན་ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར་བ་ཁྱབ་སྒྲོག་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་རྩོམ་ཡིག་སྤེལ་ཏེ་དགའ་བསུ་བྱེད་པའི་ཚུལ་བསྟན་པར་མ་ཟད། མཐོ་རིམ་དཔོན་པོ་གཉིས་ཀྱིས་ད་རུང་གྲོས་ཆོད་དེ་ནུས་ལྡན་དུ་གྱུར་ན་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གི་འཕེལ་རྒྱས་ཐད་ཕན་ཐོགས་ཡོད་པར་བཤད།

ཨ་ཙེ་ཝེ་ཏའོ་ཡིས་ཉིན་དེར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་ཁྱབ་སྒྲོག་བྱས་དོན། རུ་ཝང་ཏཱ་དང་ཨ་མན། ཀྲ་ཏི། ཡོ་ཏན་བཅས་ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་ཡི་གེར་ཆོག་མཆན་བཀོད་རྗེས། མིག་སྔར་ཆོག་མཆན་བཀོད་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁ་གྲངས་བརྒྱ་དང་བཅུ་གཉིས་ལ་བསླེབ་ཡོད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་རེ་བཞིའི་སུམ་ཆའི་གཉིས་ལས་བརྒལ་ཡོད་པས། ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་དེ་དངོས་སུ་ནུས་ལྡན་དུ་གྱུར་བ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་ནུས་ལྡན་དུ་གྱུར་རྗེས་ཅང་མ་འགོར་བར་རྩོམ་ཡིག་སྤེལ་ཏེ་དགའ་བསུ་བྱེད་པའི་ཚུལ་བསྟན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དྲ་ཚིགས་ལས་བསྟན་དོན། ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་དེ་གཅིག་སྟོང་དགུ་བརྒྱ་གོ་ལྔ་གོར་བཙུགས་པའི་ཚུན་བཀོད་པའི་ཆེས་གལ་ཆེ་བའི་ཕྱོགས་མང་བོའི་ཉོ་ཚོང་གྲོས་ཆོད་ཅིག་རེད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བལྟས་ན། ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་དེ་རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་གི་གསལ་ཚད་ཇེ་མཐོར་འགྲོ་བ་དང་། ཕན་འབྲས་ཇེ་ཆེར་འགྲོ་བ། རུལ་སུངས་ཇེ་ཉུང་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པར་མ་ཟད། ཁེ་ལས་ཆུང་འབྲིང་དག་འཛམ་གླིང་ཡོངས་ཀྱི་རིན་ཐང་མུ་རྒྱུན་ཁྲོད་ཞུགས་པར་ཡང་ཕན་ཐོགས་ཡོད་པར་འདོད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་ཨུ་ཡོན་མཱ་མུའུ་སི་ཐའོ་མུའུ་ཡིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་མཐའ་མཚམས་ཀྱི་ལས་རིམ་དང་། སྔར་ལས་སྟབས་བདེ་བའི་ཉོ་ཚོང་གི་རྒྱུན་ལས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ཐད་སྒུལ་ཤུགས་གསར་བ་བསྐྲུན་སྲིད་ཅིང་། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ཚོང་ལས་དང་མང་ཚོགས་ལ་དེའི་ཁྲོད་ནས་ཁེ་ཕན་ཐོབ་ཐུབ་པ་དང་། ཁེ་ལས་ཆུང་བ་དག་ནི་ཁེ་ཕན་ཆེས་མང་བོ་ཐོབ་མཁན་དུ་འགྱུར་སྲིད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་མཉམ་ལས་དང་འཕེལ་རྒྱས་ཀྱི་ཨུ་ཡོན་མུས་མུས་ཁཱ་ཡིས་བསྟན་དོན། ཉོ་ཚོང་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་འགག་གི་རྒྱུ་རྐྱེན་ཞིག་ཡིན་པ་དང་། ཉོ་ཚོང་སྟབས་བདེ་ཅན་གྱི་གྲོས་ཆོད་དེས་ཉོ་ཚོང་གི་རྣམ་པ་གསར་བ་གསར་གཏོད་ཐུབ་ལ། ང་ཚོར་རོགས་ལས་གྲོགས་པོའི་རྒྱལ་ཁབ་དང་མཉམ་དུ་གྲོས་ཆོད་དེ་ལས་ཁེ་ཕན་ཐོབ་སྲིད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།