ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་འཇར་མན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་དེ་ཚེས་བཅུ་བདུན་ཉིན་པའོ་ཨིན་ནས་གྲོལ། ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་ཀྱི་སྐབས་སུ། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ཉིས་སྟོང་སུམ་ཅུ་ལོར་རྒྱུན་མཐུན་འཕེལ་རྒྱས་གྲོས་རིམ་དང་ཞི་བདེ་ལ་སྲུང་སྐྱོབ། ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གྲོས་གཞི་དངོས་འབེབ་བྱེད་པར་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་སོ་སོས་ལག་རྡང་མཉམ་འབྲེལ་གྱིས་འཛམ་གླིང་རང་བཞིན་གྱི་གནད་དོན་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་པ་བསྐྱར་སྒྲོག་བྱས།

ཉིན་རིམ་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་དུས་རིམ་གཉིས་པའི་གྲོས་ཚོགས་བསྡུས་ཏེ། གཙོ་བོ་འཁྲུག་རྩོད་ཇི་ལྟར་སྔོན་འགོག་བྱེད་པ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པར་གྲོས་བསྡུར་བྱས།

འཇར་མན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཅཱ་པུའུ་ལི་ཨར་གྱིས་གྲོས་མོལ་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ལ་གྲུབ་འབྲས་ཆེན་པོ་བྱུང་ཡོད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་སྔར་ལས་ལྷག་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར།

ཅཱ་པུའུ་ལི་ཨར་གྱིས་ཡང་བསྐྱར་ཉེ་བའི་ལོ་འགའི་རིང་རྒྱལ་སྤྱིའི་ཐོག་བྱུང་བའི་སྒེར་ཚུགས་རིང་ལུགས་ལ་ཉེན་བརྡ་བཏང་བ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ཕན་ཚུན་མཉམ་ལས་བྱེད་དགོས་པ་ལས་ཁེར་རྐྱང་དུ་འདུག་མི་རུང་། རྒྱུ་མཚན་ནི་མཉམ་ལས་བྱས་ན་ད་གཟོད་ནམ་ཟླའི་འགྱུར་ལྡོག་དང་ཆུའི་ཐོན་ཁུངས་དཀོན་པ་སོགས་འདུས་པའི་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་ནན་བཤད་བྱས།

ཅཱ་པུའུ་ལི་ཨར་གྱིས་གྲོས་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འཁྲུག་རྩོད་སྔོན་འགོག ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་སོགས་དང་འབྲེལ་བའི་གྲོས་གཞིར་གྲོས་བསྡུར་བྱས་པའི་གནས་ཚུལ་སྙན་ཞུ་མདོར་བསྡུས་བྱས་པ་དང་། འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་སྔོན་དཔག་རང་བཞིན་གྱི་རྐྱེན་སྲོལ་འཛུགས་པར་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པར་འདོད། ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ཐད་ནས་ཁོས་ཨ་ཧྥེ་རི་ཁ་གླིང་བར་གྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་ནི་འཇར་མན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་གྲོས་གཞི་གཙོ་བོ་ཡིན་པ་བསྐྱར་སྒྲོག་བྱས།

ཅཱ་པུའུ་ལི་ཨར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཨ་མེ་རི་ཁ་དང་འཇར་མན། ཧྥ་རན་སི་བཅས་འདུས་པའི་སི་རི་ཡཱའི་གྲོགས་པོ་ཞེས་པའི་རྒྱལ་ཁབ་ཀྱི་འཐུས་མིས་ཐེངས་འདིའི་གྲོས་ཚོགས་ཀྱི་ཁོམ་གསེང་བར་ནས་སི་རི་ཡཱའི་འཁྲུག་རྩོད་གནད་དོན་ཐད་ནས་གྲོས་བསྡུར་བྱས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།