ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སི་ཡིས་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་བདེ་འཇགས་གནས་བབ་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨུ་རུ་སིའི་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་བདེ་འཇགས་གྲོས་མོལ་ཐེངས་དྲུག་པ་ཚེས་བཅུ་གཉིས་ཉིན་མའོ་སི་ཁི་ནས་སྤེལ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཁུང་ཞོན་ཡུག་དང་། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་མའོ་ཨར་ཀུའུ་ལོ་ཧྥུའུ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་། བདེ་འཇགས་བཅས་སྡེ་ཁག་གི་དཔོན་རིགས་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་བལྟས་ན། མིག་སྔར་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་ཧ་ཅང་རྙོག་འཛིང་ཡིན་པས་ཕྱོགས་གཉིས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་རང་ཚོད་བཟུང་ནས་གནས་བབ་ཛ་དྲག་ཏུ་འགྲོ་བའི་བྱ་སྤྱོད་སྤེལ་མི་རུང་བའི་སྐུལ་མ་གཏོང་བཞིན་ཡོད་ཟེར། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་དམིགས་འབེན་རྒྱུན་འཁྱོངས་དང་། ཕྱེད་གླིང་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ། གྲོས་མོལ་ལ་བརྟེན་ནས་གན་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་པ་བཅས་བསྐྱར་སྒྲོག་བྱས་པར་མ་ཟད། དོན་དེའི་ཐད་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་ཧན་གོས་མུ་མཐུད་དུ་ཧན་གོ་རྒྱལ་ཁབ་ཏུ་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པར་ཡར་སྐུལ་བཏང་བར་དོ་སྣང་བྱེད་པ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་བདེ་འཇགས་ཐད་ཀྱི་སེམས་ཁུར་ལ་བརྩི་འཇོག་བྱས་ཏེ་བཀོད་སྒྲིག་འཕེལ་རིམ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཐག་གཅོད་བྱེད་ཐབས་སྤྱད་ནས་ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་ས་ཁུལ་གྱི་འཐབ་ཇུས་དོ་མཉམ་ལ་སྲུང་སྐྱོབ་བྱེད་རྒྱུའི་གྲོས་ཐག་བཅད།

ཕྱོགས་གཉིས་ཀྱིས་མཉམ་དུ་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་ཐག་གཅོད་བྱེད་པའི་ཐད་ནས་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་པར་འཐད་པ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།