ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡའི་རྒྱལ་ནང་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་འཇིགས་སྐུལ་པས་མཱ་ཨར་ཐ་རྒྱལ་ཁབ་ལ་བཙན་ཁྲིད་བྱས་པ་དང་མཇུག་མཐར་གནམ་གྲུའི་སྟེང་མི་རྣམས་ཕྱིར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཧྥ་རན་སིའི་གསར་འགྱུར་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ལི་པི་ཡའི་རྒྱལ་ནང་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིན་དེར་འཇིགས་སྐུལ་པས་བཙན་ཁྲིད་བྱས་ཏེ་ས་དཀྱིལ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་མཱ་ཨར་ཐ་ལ་སོང་ཟེར། མཱ་ཨར་ཐ་སྲིད་གཞུང་གིས་བཤད་རྒྱུར། མིག་སྔར་གནམ་གྲུའི་སྟེང་གི་མི་ཡོངས་རྫོགས་ཕྱིར་བཏང་བ་དང་། གནམ་གྲུ་བཙན་ཁྲིད་བྱེད་མཁན་གཉིས་ཀྱིས་མགོ་བཏེགས་ནས། མངགས་གཏོང་ཁང་དུ་བཅུག་ཡོད་ཟེར།

མཱ་ཨར་ཐའི་རང་བཙན་ཚགས་པར་སྟེང་ཚེས་ཉེར་གསུམ་ཉིན་བཀོད་པའི་གནས་ཚུལ་ལྟར་ན། བཙན་ཁྲིད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ནི་ལི་པི་ཡའི་ཨ་ཧྥེ་རི་ཁར་ཁྱབ་པའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་ཞིག་ཡིན་པ་དང་། གནམ་གྲུའི་སྟེང་དུ་ཕལ་ཆེར་མི་བརྒྱ་དང་བཅོ་བརྒྱད་ཡོད་ལ། ཚང་མ་ལི་པི་ཡའི་སྤྱི་དམངས་རེད་ཟེར། ཨུ་རུ་སིའི་འཁོར་སྐར་གསར་འགྱུར་དྲ་བས་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུའི་སྟེང་དུ་ལི་པི་ཡའི་གྲོས་མི་གསུམ་དང་། ལི་པི་ཡའི་པུའུ་ཀྲང་གཞོན་པ་གཉིས། ལི་པི་ཡའི་ཀྲུང་དབྱང་དངུལ་ཁང་གི་མཐོ་རིམ་དཔོན་རིགས་གཅིག་ཡོད་ཟེར།

གནམ་གྲུ་དེ་ནི་ལི་པ་ཡའི་ལྷ་ཕྱོགས་ཀྱི་གྲོང་ཁྱེར་སའེ་པུའུ་ཧ་ནས་རྒྱལ་ས་ཏི་ལེ་པོ་ལེ་ལ་བསྐྱོད་དགོས་མོད། ཡིན་ནའང་ལམ་བར་ནས་བཙན་ཁྲིད་བྱས་ཏེ་མཱ་ཨར་ཐ་རུ་སོང་། གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་གྱིས་བཙན་ཁྲིད་བྱེད་མཁན་ལ་གནམ་གྲུ་ལི་པི་ཡའི་རྒྱལ་ནང་དུ་འབབ་རྒྱུའི་རེ་བ་བཏོན་ན་ཡང་། བཙན་ཁྲིད་བྱེད་མཁན་གྱིས་རེ་བ་དེ་ཁས་མ་བླངས།

ཨུ་རུ་སིའི་གསར་འགྱུར་དྲ་བའི་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། བཙན་ཁྲིད་བྱེད་མཁན་ཞིག་གི་མིང་ལ་མཱ་ས་ཧྲ་ཧ་ཟེར་བ་དང་། ཁོས་བཤད་ཚུལ་ལྟར་ན་ཁོ་ལི་པི་ཡའི་སྔོན་ཆད་ཀྱི་མགོ་ཁྲིད་པ་ཁ་ཀྲ་ཧྥེ་ལ་བློ་དཀར་བ་དང་། གནམ་གྲུ་བཙན་ཁྲིད་བྱེད་པའི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་འགེབ་སྲུང་འཚོལ་བའི་ཆེད་ཡིན་ཟེར། བཙན་ཁྲིད་བྱེད་མཁན་གྱིས་ལི་པི་ཡའི་སྲིད་གཞུང་གིས་ཁ་ཀྲ་ཧྥེ་ཡི་བུ་སའེ་དབྱི་ཧྥུའུ་ཁ་ཀྲ་ཧྥེ་བཙོན་གྲོལ་གཏོང་རྒྱུ་དང་། ཁ་ཀྲ་ཧྥེ་ལ་རྒྱབ་སྐྱོར་བྱེད་མཁན་ཡོངས་རྫོགས་ཕྱིར་ལི་པི་ཡ་རུ་ཡོང་དུ་འཇུག་རྒྱུ། ལི་པི་ཡའི་ནང་འཁྲུག་ཁྲོད་ནས་ལས་ཀ་ཤོར་བའི་མི་ཁྲི་བརྒྱད་ལ་གླ་ཕོགས་སྟེར་རྒྱུ། བཙན་ཁང་དུ་བཅུག་ཡོད་པའི་ཁ་ཀྲ་ཧྥེ་ལ་བློ་དཀར་བའི་སྲིད་ཏང་གི་ཁོངས་མི་རྣམས་ཕྱིར་གཏོང་། རྩ་ཁྲིམས་མེད་པར་བཟོ་རྒྱུ། ལི་པི་ཡའི་ད་ལྟའི་ཆབ་སྲིད་ལས་ཁུངས་ཚང་མ་མེད་པར་བཟོ་རྒྱུ། དམག་དོན་རྣམ་པ་ལག་བསྟར་བྱེད་རྒྱུ་བཅས་ཀྱི་རེ་བ་བཏོན་པ་དང་། དེ་མིན་ཚེ་ཁོ་ཚོས་ལག་འབོམ་བཀོལ་ནས་གནམ་གྲུ་འགས་གཏོར་གཏོང་རྒྱུ་ཡིན་ཞེས་བཤད། ཡིན་ན་ཡང་དུས་ཚོད་གཉིས་ལྷག་གི་གྲོས་མོལ་བྱས་རྗེས། བཙན་ཁྲིད་བྱེད་མཁན་གཉིས་མཇུག་མཐར་མི་གཏའ་ཚང་མ་ཕྱིར་གཏོང་བར་འཐད་པ་བྱུང་། ཁོ་ཚོས་བཏོན་པའི་རེ་བ་རྣམས་ལེགས་འགྲུབ་འབྱུང་མ་ཐུབ།

མཱ་ཨར་ཐ་དུས་སྐབས་ཚགས་པར་གྱིས་ཚེས་ཉེར་གསུམ་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། ཡང་ན་ལི་པི་ཡའི་རྒྱལ་ནང་གི་ཆབ་སྲིད་འཐབ་རྩོད་ལ་བརྟེན་ནས་བྱུང་བའི་མཇུག་འབྲས་ཡིན་པ་ད་དུང་གསལ་བོར་མི་ཤེས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།