ཕའེ་ཅིན་ཧོས་ཀྱིས་རྒྱལ་སྲིད་ཨུ་ཡོན་གྱི་གྲོས་ཚོགས་བསྡུས་ཏེ་ཡང་བསྐྱར་དགོངས་དག་ཞུས་པ་དང་མང་ཚོགས་ཀྱི་རེ་འདོད་ལ་ཉན་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་དགུ་ཉིན་གྱི་ཕྱི་དྲོར་ཧན་གོའི་རྒྱལ་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་སྟེང་འདེམ་ཤོག་ཉིས་བརྒྱ་དང་སོ་བཞི་ཡིད་འཐད་བྱུང་སྟེ། ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་རང་འཚང་ཐེར་འདོན་བྱེད་པའི་གྱོད་དོན་ལ་གྲོས་འཆམ་བྱུང་། དེའི་ཐད་ནས་ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། རྒྱལ་ཚོགས་དང་རྒྱལ་དམངས་ཀྱི་འབོད་སྐུལ་དང་དུ་ལེན་རྒྱུ་ཡིན་པ་དང་། མིག་སྔར་ཟང་ཟིང་གི་གནས་བབ་མཇུག་སྒྲིལ་བར་རེ་སྒུག་བྱས་ཡོད་ཟེར།

ཕེའོ་ཅིན་ཧོས་ཀྱིས་ཉིན་དེའི་ཕྱི་དྲོར་ཆིན་ཝ་ཐེ་ནས་སྤེལ་བའི་རྒྱལ་སྲིད་ཨུ་ཡོན་ལྷན་གྱི་གྲོས་ཚོགས་སྟེང་རྒྱལ་ཁབ་བདེ་སྲུང་དང་དཔལ་འབྱོར་གང་ཡིན་ཡང་དཀའ་ཁག་གི་གནས་སུ་ལྷུང་ཡོད་པ་དང་། རང་ཉིད་ཀྱི་ནོར་འཆུག་དབང་གིས་རྒྱལ་ཁབ་ཟང་ིཟིང་དུ་བཏང་བས་རྒྱལ་དམངས་ཡོངས་ལ་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུས་པ་ཡིན་ཟེར།

ཕེའོ་ཅིན་ཧོས་ཀྱིས་ད་རུང་ཉིན་མཚན་མེད་པར་རྒྱལ་དམངས་དང་རྒྱལ་ཁབ་ཀྱི་དོན་དུ་འབད་འབུངས་བྱེད་པའི་རྒྱལ་སྲིད་ཙུང་ལི་དང་། སྡེ་ཁག་སོ་སོའི་དཔོན་པོ་འདུས་པའི་གཞུང་ཞབས་མི་སྣ་ཚང་མར་དགོངས་དག་ཞུས་པ་ཡིན་ཟེར།

ཙུང་ཐུང་གི་དབང་ཆ་མཚམས་འཇོག་པའི་ཐད་ནས་ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་དུ། སེམས་གནད་ལ་ཕབ་སྟེ་རྩ་ཁྲིམས་ལས་རང་འཚང་ཐེར་འདོན་བྱེད་པར་བརྡས་གཅོད་བྱེད་པ་དང་དམིགས་བསལ་གྱི་ཞིབ་བཤེར་བྱེད་པ་དང་ལེན་བྱེད་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས་གསུམ་ཉིན། ཧན་གོའི་སྲིད་དབང་བཟུང་མེད་པའི་ཏང་ཁག་གསུམ་སྟེ་དམངས་གཙོ་ཏང་དང་། རྒྱལ་དམངས་ཏང་། དྲང་བདེན་ཏང་བཅས་ཀྱིས་ཏང་ཁག་གང་ལའང་མི་གཏོགས་པའི་གྲོས་མི་བརྒྱ་དང་དོན་གཅིག་དང་མཉམ་དུ་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་རང་འཚང་ཐེར་འདོན་བྱེད་པའི་ཇུས་གཞི་བཏོན། ཚེས་བརྒྱད་ཉིན་ཐེར་འདོན་བྱེད་པའི་ཇུས་གཞི་དེ་རྒྱལ་ཚོགས་སྟེང་དངོས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་གཞིའི་གྲས་སུ་བཞག་པ་རེད།

ཐེར་འདོན་ཇུས་གཞིར་གྲོས་འཆམ་བྱུང་རྗེས། རྩ་ཁྲིམས་ཁྲིམས་ཁང་གིས་མཇུག་མཐར་བརྡས་ཐག་བཅད་རྗེས་ད་གཟོད་དངོས་སུ་ནུས་ལྡན་དུ་འགྱུར་ངེས་རེད། བརྡས་ཐག་གཅོད་པའི་བརྒྱུད་རིམ་དེ་ཉིས་བརྒྱ་དང་བརྒྱད་ཅི་འགོར་སྲིད་ཟེར། རྩ་ཁྲིམས་ཁྲིམས་ཁང་གིས་ཐེར་འདོན་ཇུས་གཞིར་གྲོས་འཆམ་བཀོད་ན། ཕེའོ་ཅིན་ཧོས་ཀྱི་ཙུང་ཐུང་གི་ལས་འགན་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་དང་། ཉིན་དྲུག་ཅུའི་རྗེས་སུ་ཧན་གོ་རྒྱལ་ཁབ་ཀྱིས་ཙུང་ཐུང་གསར་བའི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།