ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པའི་གྲོས་གཞི་འགར་གྲོས་མཐུན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་པུའུ་ལུའུ་སེར་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་བསྡུས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་ཚོས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གྲོས་གཞི་སྣ་བཞི་བཅུ་ལྷག་ལ་གྲོས་མཐུན་བཀོད་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་སྤྱི་སྒྲོག་ནང་བཤད་རྒྱུར། ཐེངས་འདིའི་གྲོས་གཞིའི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཧྭ་ཧྲ་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་མཉམ་འབྲེལ་གསལ་སྒྲོག་དངོས་འབེབ་བྱེད་པའི་ཆེད་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་ལས་བྱེད་པའི་ཁྱབ་ཁོངས་གཙོ་བོ་བདུན་ལ་འབྲེལ་ཡོད་ཅིང་། འདྲེས་སྦྱོར་འཐབ་འཁྲུག་གི་འཇིགས་ཉེན་ཐག་གཅོད་བྱེད་པ་དང་། མཚོ་ཐོག་བདེ་འཇགས་འགུལ་སྐྱོད། དྲ་རྒྱའི་བདེ་འཇགས་དང་འགོག་སྲུང་། འགོག་སྲུང་ནུས་པའི་འཛུགས་སྐྲུན། འགོག་སྲུང་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས། མཉམ་འབྲེལ་དམག་དོན་སྦྱོང་བརྡར། དེ་མིན་གྲོགས་པོའི་རྒྱལ་ཁབ་དག་གི་མཉམ་ལས་བཅས་འདུས།

སྤྱི་སྒྲོག་ལས་བཤད་རྒྱུར། སི་ཐའོ་ཨར་ཐིན་པེ་ཀི་དང་ཡོ་རོབ་གླིང་མནའ་འབྲེ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་གཉིས་ཀྱིས་མཉམ་དུ་གྲོས་གཞི་ཞེ་གཉིས་བཏོན་པ་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འདྲེས་སྦྱོར་འཐབ་འཁྲུག་གི་འཇིགས་ཉེན་ཐག་གཅོད་བྱེད་པ་དང་། མཁོ་སྒྲུབ་ཀྱི་རྒྱབ་སྐྱོར་དང་བརྡ་འཕྲིན་མཉམ་སྤྱོད་ཀྱི་རིམ་པ་འཕར་བར་བྱས་ཏེ། ས་དཀྱིལ་མཚོ་སོགས་ས་ཁུལ་ནས་མཉམ་དུ་དམག་དོན་འགུལ་སྐྱོད་སྤེལ་བ། འགོག་སྲུང་ནུས་པའི་འཛུགས་སྐྲུན་ཐད་ནས་ཕན་ཚུན་མཐུན་སྦྱོར་བྱས་ཏེ་མཉམ་དུ་ཀི་ལུའུ་ཅི་ཡཱ་དང་མའོ་ཨར་ཏའོ་ཝ། ཝུའུ་ཁི་ལན་སོགས་ཉེ་འཁོར་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་རྒྱབ་སྐྱོར་བྱེད་པ་སོགས་འདུས།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་གླིང་དང་བྱང་ཆིངས་རྩ་འཛུགས་ཀྱི་བདེ་འཇགས་ཕན་ཚུན་ལ་འབྲེལ་ཡོད་པ་དང་། སྟོབས་དང་ལྡན་པའི་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གང་ཡིན་ཡང་ཕན་ཚུན་དགེ་མཚན་ལྡན། དྲ་རྒྱའི་དཔུང་འཇུག་དང་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་འཕྲད་པའི་བདེ་འཇགས་ཀྱི་ཁོར་ཡུག་གསར་བའི་འོག བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁེར་རྐྱང་སྒོས་འཇིགས་ཉེན་དང་བདེ་འཇགས་ཀྱི་འགྲན་རྩོད་དེ་དག་ཐག་གཅོད་བྱེད་ཐབས་མེད་ལ། ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་པ་དེ་དུས་སྐབས་གང་ལས་ཀྱང་གལ་འགངས་ཆེ་བར་མངོན་ཡོད་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་བཅས་ཀྱིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་བྱང་ཆིངས་རྩ་འཛུགས་ཀྱི་ཧྭ་ཧྲའི་མཐོ་རིམ་གྲོས་ཚོགས་སྐབས་སུ་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།