ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་ངེས་ཅན་བྱུང་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གསུམ་ཉིན་བསྟན་དོན། ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་ངེས་ཅན་བྱུང་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁི་རུ་འཚམས་འདྲིར་ཡོང་བའི་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་དང་གྲོས་མོལ་བྱས། ཐེངས་འདི་ནི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་འདིའི་ཟླ་དཀྱིལ་ལ་འཇར་པན་དུ་འཚམས་འདྲི་མ་བྱས་གོང་གི་ཆེས་མཇུག་མཐའི་མཐོ་རིམ་གྲོས་མོལ་ཡིན་པ་རེད། ཉིན་དེའི་གྲོས་མོལ་མཇུག་སྒྲིལ་རྗེས་ཕྱོགས་གཉིས་ཀྱིས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་ངེས་ཅན་བྱུང་ཡོད། ཐུན་མོང་གི་ལྟ་ཚུལ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕན་ཚུན་གྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་བྱེད་ཐབས་འདོན་པའི་ཆབ་སྲིད་རེ་འདུན་ལ་རག་ལས་ཡོད་པ་དང་། ཐག་གཅོད་བྱེད་ཐབས་དེས་ཨུ་རུ་སི་དང་འཇར་པན་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་ཐུབ་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཀྱང་། ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པ་ནི་ལས་སླ་མོ་ཞིག་མ་ཡིན་ལ། བཟོད་བསྲན་ཆེན་པོ་དང་སེམས་ཞིབ་མོས་དུས་ཡུན་རིང་བོར་བྱ་བ་བསྒྲུབ་དགོས། གལ་ཏེ་གླེང་ཕྱོགས་ཀྱིས་གནད་དོན་དེ་སེམས་ཁམས་ཀྱི་འགྱུར་བ་དང་བསྟུན་ནས་མྱུར་དུ་གྲུབ་འབྲས་ཐོན་པར་རེ་ན། ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཅི་ཡང་མེད་ཟེར།

ཨན་ཐེན་ཝུན་ཞོང་གིས་ཉིན་དེར་བཤད་རྒྱུར། ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐད་འཇར་པན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་མི་དམངས་ཀྱིས་དགའ་བསུ་བྱེད་པའི་གྲུབ་འབྲས་ཐོབ་པར་རེ་ཡོད་ཟེར།

ཐེངས་འདིར་ཕུའུ་ཅིན་གྱིས་འཇར་པན་དུ་འཚམས་འདྲི་བྱེད་པར་འཇར་པན་གསར་འགྱུར་ལས་རིགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཨུ་རུ་སི་དང་འཇར་པན་གྱི་འབྲེལ་བར་གྲུབ་འབྲས་གསར་བ་འབྱུང་ཐུབ་པར་མ་ཟད། ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་ཐུབ་པར་རེ་བ་བྱས་ཡོད།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཐེངས་འདིར་ཕུའུ་ཅིན་གྱིས་འཇར་པན་དུ་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཡིག་ཆ་རབ་དང་རིམ་པ་འགོད་རྒྱུ་ཡིན་པ་དང་། དེ་དཔལ་འབྱོར་དང་རིག་གནས། མི་གཞུང་། ཚན་རིག་སོགས་ཁྱབ་ཁོངས་སོ་སོར་འབྲེལ་ཡོད། ཡིག་ཆ་དེ་དག་བཀོད་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱིའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ཐུབ་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།