ཧི་ལན་དང་པུ་ལི་ཧྲི་ཡིས་རྒྱལ་མཚམས་བཅོས་བསྒྱུར་དང་མངའ་ཁོངས་བརྗེ་སྤོར་གྱི་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧི་ལན་དང་པུ་ལི་ཧྲི་རྒྱལ་ཁབ་གཉིས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཨ་མུའུ་སི་ཐི་ཏན་ནས་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་བཅོས་བསྒྱུར་དང་མངའ་ཁོངས་བརྗེ་སྤོར་གྱི་གྲོས་མཐུན་བཀོད། ཧི་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡཱ་ལི་ཧྲན་ཏཱ་དང་པུ་ལི་ཧྲིའི་རྒྱལ་བོ་ཧྥེ་ལེ་ཕུའུ་གཉིས་མཉམ་དུ་མིང་འགོད་མཛད་སྒོར་ཞུགས།

ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུང་ཏི་ཨར་སི་ཡིས་གྲོས་མཐུན་བཀོད་རྗེས་བསྟན་དོན། ཐུན་མོང་མ་ཡིན་པའི་རྒྱལ་མཚམས་གྲོས་མཐུན་དེ་ནི་ང་ཚོ་དང་པུ་ལི་ཧྲི་ཡིས་མཉམ་ལས་བཟང་བོ་བྱས་པའི་བདེན་དཔང་ཞིག་ཡིན། དེ་རིང་གི་བྱ་སྤྱོད་དེ་ལས་ཧི་ལན་དང་པུ་ལི་ཧྲི་ནི་མཛའ་མཐུན་གྱི་ཁྱིམ་མཚེས་ཡིན་པ་དང་། ཞི་བའི་ཐབས་ལ་བརྟེན་ནས་རྒྱལ་མཚམས་ལེགས་སྒྲིག་བྱེད་ཐུབ་པ་མཚོན་ཡོད་ཟེར།

པུ་ལི་ཧྲིའི་ཚབ་བྱས་ཏེ་གྲོས་མཐུན་བཀོད་པའི་པུ་ལི་ཧྲིའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ལོས་ཨིན་ཏའེ་ཨར་གྱིས་པུ་ལི་ཧྲི་དང་ཧི་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་བོར་བསྟོད་བསྔགས་ཆེན་པོ་བྱས་པ་དང་། བྱ་སྤྱོད་དེ་ལས་རྒྱལ་མཚམས་བཅོས་བསྒྱུར་བྱེད་པ་དེ་ཞི་བའི་ཐབས་ལ་བརྟེན་ནས་མངོན་འགྱུར་བྱས་ཆོག་པ་མཚོན་ཡོད་པ་ནན་བཤད་བྱས།

གྲོས་མཐུན་དེ་ལྟར་ན། ཧི་ལན་གྱི་མཐའ་མཚམས་གྲོང་ཁྱེར་མཱ་སི་ཐི་ལི་ཧི་ཐི་དང་ཨེ་སི་ཏིན་མཱ་ཧི་ལཱ་ཐིན། དེ་མིན་པུ་ལི་ཧྲིའི་ཝེ་སེ་གྲོང་ཁྱེར་བཅས་མངའ་ཁོངས་བརྗེ་སྤོར་བྱེད་རྒྱུ་རེད། པུ་ལི་ཧྲིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་སྤྱི་སྒྲོག་ལས་ཐེངས་འདིར་མངའ་ཁོངས་བརྗེ་སྤོར་བྱེད་པ་དེར་རྒྱ་ཁྱོན་ཅི་ཙམ་ཡོད་པ་གསལ་བོར་གླེང་མེད། པུ་ལི་ཧྲིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། པུ་ལི་ཧྲི་ལ་ཧི་ལན་ནས་ཀུང་ཆིང་གསུམ་གྱི་ས་ཐོབ་ཐུབ་པ་དང་། ཧི་ལན་ལ་བརྗེ་སྤོར་བྱེད་པའི་ས་ཀུང་ཆིང་བཅུ་བཞི་ཡིན་ལ། དེ་ནི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་ཡིན་པ་རེད་ཟེར། གཏན་འཁེལ་ལྟར་ན། གྲོས་མཐུན་དེར་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གིས་ཆོག་མཆན་བཀོད་རྗེས་ཀྱི་ལོ་གཉིས་པའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་དངོས་སུ་ནུས་ལྡན་དུ་འགྱུར་ངེས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།