ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གྲོས་ཁང་གི་ཏང་ཁག་ཆེན་མོ་གཉིས་ཀྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་གྲོས་ཁང་གི་ཏང་ཁག་ཆེན་མོ་གཉིས་ཏེ་མི་དམངས་ཏང་དང་སྤྱི་ཚོགས་ཏང་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། མིག་སྔའི་ཕྱི་ཕྱོགས་ཁོར་ཡུག་ཁྲོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་མོར་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་དགོས་ཟེར། 

ཡོ་རོབ་གླིང་མི་དམངས་ཏང་གི་ཀྲུའུ་ཞི་ཝེ་པའོ་ཡིས་ཉིན་དེར་ཡོ་རོབ་གླིང་གྲོས་ཁང་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ཕྱོགས་ལ་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མྱུར་དུ་མཚམས་འཇོག་དགོས་པའི་བརྡ་གསལ་བོ་གཏོང་དགོས་ཟེར།

ཝེ་པའོ་ཡིས་བཤད་རྒྱུར། གལ་ཏེ་ཐུར་ཁེ་རྒྱལ་ཁབ་ཀྱིས་ཡང་བསྐྱར་སྲོག་ཁྲིམས་སླར་གསོ་བྱས་ན། ང་ཚོས་རྒྱལ་ཁབ་དེ་འདྲ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་མི་རུང་བ་གསལ་བོར་བཤད་དགོས། ཐུར་ཁེ་ནི་ང་ཚོའི་གྲོགས་པོ་ཡིན་ཡང་། ཁོ་ཚོས་མིག་སྔའི་གནས་ཚུལ་ལེགས་བཅོས་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་དེ་གཙོ་བོར་འཛིན་དགོས་ཟེར།

ཡོ་རོབ་གླིང་སྤྱི་ཚོགས་ཏང་གི་ཀྲུའུ་ཞི་ཕིས་ཐེ་ལཱ་ཡི་ལྟ་ཚུལ་ཝེ་པའོ་དང་ཕལ་ཆེར་གཅིག་མཚུངས་རེད། ཕིས་ཐེ་ལཱ་ཡིས་བསྟན་དོན། སྤྱི་ཚོགས་ཏང་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་དགོས་ཟེར།

ཕིས་ཐེ་ལཱ་ཡིས་བཤད་རྒྱུར། ཨེ་ཨར་ཏའོ་ཨན་གྱི་དབང་བསྒྱུར་འོག ཐུར་ཁེ་རིམ་བཞིན་དབང་ཤུགས་གཅིག་བསྡུས་ཀྱི་ཆབ་སྲིད་ཕྱོགས་སུ་འགྲོ་བཞིན་ཡོད། ང་ཚོས་ངེས་པར་དུ་ཐུར་ཁེ་ཕྱོགས་ལ་གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་འདོད་ཡོད་ན་འགྲོ་མིའི་ཐོབ་ཐང་དང་དམངས་གཙོ་ནི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པའི་བརྡ་གསལ་བོ་གཏོང་དགོས་ཟེར།

ཡོ་རོབ་གླིང་གྲོས་ཁང་གི་ཏང་ཁག་ཆེན་མོ་གཉིས་ཀྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་ནི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ལན་བྱིན་པ་དང་གཅིག་འདྲ་རེད་ཟེར། ཨེ་ཨར་ཏའོ་ཨན་གྱིས་ཉེ་སྔོན་ཨན་ཁཱ་ལཱ་ནས་ཡོ་རོབ་གླིང་མནའ་འབྲེལ་ལ་ཆེས་མཇུག་མཐའི་ཐ་ཚིག་བསྒྲགས་ཏེ། ཐུར་ཁེ་རྒྱལ་ཁབ་ཀྱིས་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་ཐབས་ལ་བརྟེན་ནས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་མིན་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན།

ཨེ་ཨར་ཏའོ་ཨན་གྱིས་སྐབས་ཐོག་དེར་ད་རུང་བསྐྱར་སྒྲོག་བྱས་དོན། ཐུར་ཁེ་ཕྱོགས་ཀྱིས་སྲོག་ཁྲིམས་སླར་གསོ་བྱེད་འདོད་ཡོད་ཟེར། བྱ་སྤྱོད་དེས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དེ་འབྲས་མེད་དུ་བཏང་བ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མང་བོས་ཐུར་ཁེ་ཕྱོགས་ཀྱིས་སྲོག་ཁྲིམས་སླར་གསོ་བྱེད་པར་ལྟ་ཚུལ་མི་འདྲ་བ་བཟུང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།