ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན་ཧན་གོ་བཅས་ཀྱིས་རྒྱལ་ཁབ་གསུམ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་དེ་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་ཏུང་ཅིན་ནས་ཚོགས། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པའི་གྲུབ་འབྲས་མང་བོ་གཅིག་བསྡུས་བྱེད་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་དཔལ་འབྱོར་ཉོ་ཚོང་གྲུབ་འབྲས་དངོས་འབེབ་བྱས་ཏེ། རྒྱལ་ཁབ་གསུམ་གྱིས་དངོས་གཉེར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤེལ་བའི་ཁྱབ་ཁོངས་གསར་བ་དང་། འདོད་བློ་གསར་བ། དེ་མིན་ས་ཁུལ་དང་ཕྱོགས་མང་བོའི་དཔལ་འབྱོར་ཉོ་ཚོང་སོགས་གྲོས་གཞིར་ཐུན་མོང་གི་ལྟ་ཚུལ་བྱུང་།

གྲོས་ཚོགས་དེར་ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཀའོ་ཧུའུ་ཁྲིན་དང་། འཇར་པན་དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན་ཧྲིན་ཀིན་ཧོང་ཁྲིན། ཧན་གོའི་ཐོན་ལས་ཚོང་འགྲིམ་ཐོན་ཁུངས་པུའུ་ཀྲང་ཀྲིག་ཧིན་ཧོན་བཅས་ཀྱིས་མཉམ་དུ་མགོ་འཛིན་བྱས། ཀའོ་ཧུའུ་ཁྲིན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་རྣམ་པ་ཅུང་ཉམས་ཞན་ཡིན་པ་དང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅད་ཨེ་ཤ་ཡཱ་ཤར་མའི་དཔལ་འབྱོར་ཚོགས་པ་ཆེན་པོ་གསུམ་ཡིན་པའི་ཆ་ནས། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་ཤུགས་རྐྱེན་གལ་ཆེན་ལྡན། ཕྱོགས་གསུམ་གྱིས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པ་དང་། ཐོན་ལས་ཀྱི་ཁ་གསབ་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས། ཉོ་ཚོང་དངུལ་གཏོང་གི་ཆུ་ཚད་ཇེ་མཐོར་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རང་སྟེང་གི་འཕེལ་རྒྱས་ལ་ཡར་སྐུལ་བཏང་བ་བརྒྱུད་ནས་ཨེ་ཤ་ཡཱ་ཤར་མ་དང་ཐ་ན་ཨེ་ཤ་ཡཱ་གླིང་གི་དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་འབྱུང་བར་བྱས་རྗེས་འཇོག་དགོས་ཟེར།

ཧྲི་ཀིན་ཧོང་ཁྲིན་གྱིས་བསྟན་དོན། ཉིན་དེའི་གྲོས་ཚོགས་སྟེང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་དུ་དཔལ་འབྱོར་གྲུབ་འབྲས་བཅོས་བསྒྱུར་ཐད་ཐུན་མོང་གི་ལྟ་ཚུལ་བཀོད་དེ། མཉམ་ལས་བྱེད་ཐབས་ཐད་ནས་གྲོས་བསྡུར་བྱས། དེའི་ཞོར་དུ་ཕྱོགས་གསུམ་གྱིས་ད་རུང་དཔལ་འབྱོར་མ་གཏོགས་པའི་ཁྱབ་ཁོངས་གཞན་པའི་མཉམ་ལས་ལའང་གྲོས་བསྡུར་བྱས་པ་ཡིན། གྲོས་ཚོགས་ཀྱི་གྲུབ་འབྲས་ནི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་ཙམ་མ་ཡིན་པར། ཨེ་ཤ་ཡཱ་གླིང་གི་དཔལ་འབྱོར་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལའང་ཤུགས་རྐྱེན་ཆེན་པོ་ཐོན་ངེས་རེད་ཟེར།

ཀྲིག་ཧིན་ཧོན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལམ་ལུགས་སྒྲོམ་གཞི་འཛུགས་པ་དང་། རྒྱལ་ཁབ་གསུམ་གྱི་རང་དབང་ཉོ་ཚོང་ས་ཁུལ་དང་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་དོན་གྱི་གྲོས་མོལ་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་གཏོང་བ་སོགས་ནང་དོན་ཐད་ནས་བསམ་འཆར་གཅིག་གྱུར་བྱུང་བར་མ་ཟད། མཉམ་དུ་རྒྱལ་ཁབ་གསུམ་གྱི་རང་དབང་ཉོ་ཚོང་ས་ཁུལ་དང་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་དོན་ཐད་ནས་དེང་རབས་དང་ཕྱོགས་ཡོངས། ཆུ་ཚད་མཐོ་བ། ཕྱོགས་སོ་སོར་ཕན་པ་སོགས་ཀྱི་དམིགས་འབེན་དུ་བསླེབ་པར་འབད་བརྩོན་བྱེད་པར་འཐད་པ་བྱུང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད། གལ་ཏེ་རྒྱལ་ཁབ་གསུམ་གྱིས་མཉམ་ལས་ལ་ཡར་སྐུལ་བཏང་ན་འཛམ་གླིང་གི་དཔལ་འབྱོར་གྱི་འཕེལ་རྒྱས་དང་སླར་གསོ་ཐད་བྱས་རྗེས་ཆེན་པོ་འཇོག་ཐུབ་ངེས་ཡིན་ཟེར།

གྲོས་ཚོགས་གྲོལ་རྗེས་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གིས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་མཉམ་འབྲེལ་གསར་འགྱུར་གསལ་སྒྲོག་སྤེལ།

གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབ་བྱེད་རྒྱུའི་ཚུལ་བསྟན་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་འཕར་སྣོན་འཐབ་ཇུས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་དངུལ་གཏོང་མཛུབ་སྟོན་རྩ་དོན་གྱི་གལ་ཆེན་རང་བཞིན་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཉོ་ཚོང་དངུལ་གཏོང་བྱ་བའི་ཚན་ཆུང་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པའི་ནུས་པ་གལ་ཆེན་ནན་བཤད་བྱས།

དེ་ལས་གཞན་ཕྱོགས་གསུམ་གྱིས་ད་རུང་རྒྱལ་ཁབ་གསུམ་གྱི་མཁོ་འདོན་རྒྱུན་ལ་ཤུགས་སྣོན་བྱེད་པའི་མཉམ་འབྲེལ་ཞིབ་འཇུག་སྙན་ཞུ་ལ་གྲོས་མཐུན་བཀོད་པར་མ་ཟད། མཉམ་དུ་སྒོ་འབྱེད་ཀྱི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པར་ཡར་སྐུལ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་མང་བོའི་ཉོ་ཚོང་སྒྲིག་ལུགས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དངུལ་གཏོང་དང་ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་ཡར་སྐུལ་གཏོང་བར་འཐད་པ་བྱུང་།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།