ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གིས་རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཐབས་ཇུས་ལས་ཁུངས་རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ལ་བཀག་འགོག་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་སླར་གསོ་བྱེད་པ་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་བར་ཡར་སྐུལ་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཏུ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཝ་ཧྲིན་ཐོན་ནས་སྐབས་སོ་བཞི་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་གྲོལ་རྗེས་སྤྱི་སྒྲོག་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་འཛམ་གླིང་ཡོངས་ཅན་དང་ལག་རྩལ་གྱི་འགྱུར་བཅོས་ཁྲོད་ཁེ་ཕན་ཆེན་པོ་ཐོབ་ཡོད་ཀྱང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མདུན་ལྗོངས་ལ་ཉིན་རེར་བཞིན་སྲུང་སྐྱོབ་རིང་ལུགས་དང་བཅས་པའི་བཀག་སྡོམ་ཅན་གྱི་སྲིད་ཇུས་དང་བཅོས་བསྒྱུར་གྱི་བཀག་འགོག་ཐེབས་པའི་ཉེན་ཁ་ཡོད་ཟེར། སྤྱི་སྒྲོག་ལས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྲིད་ཇུས་ལངས་ཕྱོགས་གསལ་བོར་སྟོན་པ་དང་རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ལ་བཀག་འགོག་བྱེད་པ་དང་། དཔལ་འབྱོར་སྒོ་འབྱེད་སྲུང་འཛིན་བྱེད་པ་ཁས་ལེན་བྱེད་དགོས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་སླར་གསོ་བྱེད་པ་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་བར་ཡར་སྐུལ་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཏུ་བྱེད་དགོས་པ་བསྐྱར་སྒྲོག་བྱས།

སྤྱི་སྒྲོག་ལས་བལྟས་ན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པའི་རྣམ་པ་སྔར་བཞིན་ཅུང་ཉམས་ཞན་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་སྤྱིའི་དགོས་མཁོའི་འཕར་ཚད་དལ་བར་མ་ཟད། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དང་དངུལ་གཏོང་། ཐོན་སྐྱེད་ཀྱི་ཚད་བཅས་འཕར་སྣོན་བྱུང་ཚད་སྔར་ལས་ཇེ་དལ་དུ་སོང་ཡོད་ལ། ས་གནས་ཀྱི་ཆབ་སྲིད་གཏན་འཇགས་མིན་པ་དང་དུས་འབྲིང་གི་དངུལ་རྩའི་ཉེན་ཁ་ཇེ་མཐོར་འགྲོ་བཞིན་ཡོད། སྤྱིའི་ཆ་ནས་བཤད་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་མིན་པ་དང་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། དུས་ཡུན་རིང་བོའི་འགྲན་རྩོད་སྔར་བཞིན་གནས་ཡོད་པར་འདོད། སྤྱི་སྒྲོག་ལས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་དངུལ་ལོར་དང་ནོར་སྲིད། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བཅས་འདུས་པའི་སྲིད་ཇུས་ཡོ་བྱད་ཚང་མ་བེད་སྤྱོད་བྱས་ཏེ། སྟོབས་དང་ལྡན་ཞིང་རྒྱུན་མཐུད། དོ་མཉམ། བཟོད་སྒོམ་རང་བཞིན་བཅས་འཕར་བ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

སྤྱི་སྒྲོག་ལས་མི་དམངས་ཤོག་སྒོར་དེ་དམིགས་བསལ་དབང་ཆ་ལྡན་པའི་དངུལ་ལོར་གྲས་སུ་བཞག་པར་དགའ་བསུ་ཞུས་པ་དང་། དམིགས་བསལ་དབང་ཆ་ལྡན་པའི་དངུལ་ལོར་གྱི་བེད་སྤྱོད་ཐད་སྔར་ལས་ཞིབ་འཇུག་བཟང་བོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།