ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་སཱ་ནཱ་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་གྱ་གཉིས་རྐྱེན་ལམ་དུ་ཤོར་བར་བཤད་ཀྱང་མཉམ་འབྲེལ་དམག་དཔུང་གིས་དེ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཚབ་མ་དབྱེ་སི་མཱེ་ཨར་གྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེའི་ཕྱི་དྲོར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ནས་དུར་འཇུག་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་སོ་བཞིར་རྨས་ཕོག་ཟེར། ཡིན་ཡང་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་སཱ་ནཱ་ནས་སྤེལ་བའི་དུར་འཇུག་མཛད་སྒོར་འགས་གཏོར་བཏང་བ་ཁས་ལེན་མ་བྱས།

དབྱེ་སི་མཱེ་ཨར་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཤི་རྨས་ཐེབས་མཁན་གྱི་གྲས་སུ་ཧུའུ་སེ་དྲག་ཆས་པའི་མཐོ་རིམ་ཁོངས་མི་ཡོད་ངེས་རེད་ཟེར།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་དམག་དཔུང་གིས་དུར་འཇུག་མཛད་སྒོ་སྤེལ་བའི་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་མེད་པ་དང་། དོན་རྐྱེན་དེ་ནི་རྒྱུ་རྐྱེན་གཞན་ལ་བྱུང་བ་ཡིན་སྲིད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་དམག་དོན་འགུལ་སྐྱོད་ནམ་རྒྱུན་མི་ཚོགས་མང་སའི་ཚོགས་ར་དང་ཡོལ་ཅི་ཐུབ་བྱེད་བཞིན་ཡོད་ཟེར།

དོན་རྐྱེན་བྱུང་ནས་ཅང་མ་འགོར་བར་བར་སྣང་འཇབ་རྒོལ་ཐེབས་སར་དུད་ནག་འཕྱུར་བཞིན་ཡོད་པ་དང་། མྱུར་སྐྱོབ་རླངས་འཁོར་དང་མེ་གསོད་རླངས་འཁོར་ཡུལ་དངོས་སུ་འབྱོར་ཡོད་པ་མཐོང་ཐུབ།

རྒུད་སྐྱོབ་མི་སྣ་ཡུག་སུའུ་ཧྥུའུ་ཡིས་གསར་འགོད་པར་བཤད་རྒྱུར། ང་ཚོས་མེར་འཚིག་པའི་བེམ་པོ་བཅུ་ཕྲག་འགའ་ཕྱིར་བླངས་པ་དང་། དུར་འཇུག་ཚོམས་ཆེན་གྱི་ཞིག་རོའི་འོག་ཏུ་ད་རུང་བེམ་པོ་མང་བོ་ཡོད་ཟེར།

མིང་བཤད་མི་འདོད་པའི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། ཐེངས་སྔོན་མར་བར་སྣང་འཇབ་རྒོལ་ཐེངས་གཉིས་བྱས་རྗེས། མི་མང་བོ་ཕྱིར་བྲོས་ཡོང་ཡང་ད་རུང་མི་མང་བོ་ཁང་བའི་ནང་དུ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།