ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་ཡིས་ཚེས་བཅོ་བརྒྱད་ཉིན་སྐབས་བདུན་པའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། བསྡོམས་པས་སྲིད་ཏང་བཅུ་བཞི་འགྲན་རྩོད་ལ་ཞུགས་ཡོད།

ཉིས་སྟོང་བཅོ་ལྔ་ལོའི་ཨུ་རུ་སིའི་འདེམ་བསྐོའི་བཅའ་ཁྲིམས་གསར་བ་ལྟར་ན། ལོ་རེའི་ཟླ་དགུ་བའི་གཟའ་འཁོར་གསུམ་པའི་གཟའ་ཉི་མའི་ཉིན་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་འདེམ་བསྐོའི་ཉིན་མོ་ཡིན་པ་དང་། གྲོས་ཁང་ཞོལ་མ་དང་ས་གནས་གྲོས་ཁང་། དེ་མིན་ཀྲིག་དང་གྲོང་ཁྱེར་གྱི་སྲིད་འཛིན་དཔོན་པོ་བཅས་ཀྱི་འདེམ་བསྐོ་ཚང་མ་གཅིག་བསྡུས་ཀྱིས་ཉིན་དེར་སྤེལ་དགོས་པ་རེད། ཨུ་རུ་སིའི་རྒྱལ་ཡོངས་སུ་འདེམ་ཤོག་འཕེན་ས་ཁྲི་དགུ་དང་སྟོང་དྲུག་བཀོད་སྒྲིག་བྱས་ཡོད་པ་དང་། འདེམ་ཤོག་འཕེན་པའི་དུས་ཚོད་ནི་སྔ་དྲོའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར་ཡིན། དེ་ལས་གཞན་སི་རི་ཡཱ་རུ་ཡོད་པའི་ཨུ་རུ་སིའི་དམག་དོན་རྟེན་གཞི་དང་། ཨུ་རུ་སི་རུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་སོ་སོར་ཡང་འདེམ་ཤོག་འཕེན་ས་བཀོད་སྒྲིག་བྱས་ཡོད། ས་ཁུལ་མང་ཆེ་བའི་སྒྲིག་ལམ་བཟང་བ་དང་འདེམ་བསྐོ་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཅི་ཡང་བྱུང་མེད། ཆེས་མཇུག་མཐའི་འདེམ་ཤོག་འཕང་བའི་མཇུག་འབྲས་དེ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཁྱབ་སྒྲོག་བྱེད་རྒྱུ་རེད།

ཨུ་རུ་སིའི་གྲོས་ཁང་ཞོལ་མ་དེ་འཐུས་མི་བཞི་དང་ལྔ་བཅུས་གྲུབ་ཡོད། དེའི་ནང་འཐུས་མི་ཉིས་བརྒྱ་དང་ཉེར་ལྔ་རྒྱལ་ཕྲན་མཉམ་འབྲེལ་ཡོངས་ཀྱི་འདེམ་བསྐོའི་ཁྲོད་ཏང་ཁག་གི་རྩ་དོན་ལྟར་བདམས་ཐོན་འབྱུང་བ་ཡིན་ཞིང་། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ལྔའི་ཡན་གྱི་སྲིད་ཏང་ད་གཟོད་གྲོས་ཁང་ཞོལ་མར་ཞུགས་ཆོག་ལ། འདེམ་ཤོག་ཐོབ་ཚད་ལྟར་གྲོས་ཁང་གི་ལས་གནས་བགོ་བཤའ་བྱེད་པ་རེད། དེ་ལས་གཞན་པའི་འཐུས་མི་ཉིས་བརྒྱ་དང་ཉེར་ལྔ་ནི་ལས་གནས་གཅིག་རྐྱང་གི་འདེམ་ཁུལ་གྱི་འདེམ་བསྐོའི་ཁྲོད་བདམས་ཐོན་བྱུང་བ་ཡིན། རྒྱལ་ཡོངས་སུ་འདེམ་ཁུལ་ཉིས་བརྒྱ་དང་ཉེར་ལྔ་བཙུགས་ཡོད་ལ། འདེམ་ཁུལ་རེ་ནས་འཐུས་མི་གཅིག་རེ་འདེམ་དགོས། འདེམ་བསྐོའི་བྱ་འགུལ་དེ་ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་འདེམ་ཁུལ་སོ་སོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་དང་འདེམ་ཤོག་འཕེན་ས་ཡིས་རྩ་འཛུགས་བྱེད་པ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།