ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་དཔལ་འབྱོར་པུའུ་ཀྲང་གིས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ལ་ཕམ་ཉེས་བྱུང་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། འཇར་མན་གྱི་དཔལ་འབྱོར་པུའུ་ཀྲང་ཅཱ་པུའུ་ལི་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ལ་དོན་དངོས་སུ་ཕམ་ཉེས་བྱུང་ཡོད་ཟེར།

ཅཱ་པུའུ་ལི་ཨར་གྱིས་འཇར་མན་བརྙན་འཕྲིན་ཁང་གཉིས་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་གི་མི་ཡིན་པའི་ཆ་ནས། ང་ཚོས་ཨ་མེ་རི་ཁའི་མིའི་རེ་བར་ཉན་མི་རུང་། དོན་དངོས་སུ་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ལ་ཕམ་ཉེས་བྱུང་ཡོད་ཟེར།

ཅཱ་པུའུ་ལི་ཨར་གྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་ཁཱ་ནཱ་ཏཱའི་བར་གྱི་གྲོས་མོལ་བྱེད་བཞིན་པའི་ཕྱོགས་བསྡུས་དཔལ་འབྱོར་དང་རང་དབང་ཉོ་ཚོང་གྲོས་ཆོད་ལ་དག་འབུད་བྱས། ཁོས་བལྟས་ན་ཡོ་རོབ་གླིང་མནའ་འབྲེལ་དང་ཁཱ་ནཱ་ཏཱའི་ཕྱོགས་བསྡུས་དཔལ་འབྱོར་དང་རང་དབང་ཉོ་ཚོང་གྲོས་ཆོད་དེ་ཕྱོགས་སོ་སོར་མཚོན་ན་ལྷག་ཏུ་འདྲ་མཉམ་ཡིན་པར་འདོད། ཡིན་ཡང་ཁོས་བཤད་རྒྱུར། ཕྱོགས་བསྡུས་དཔལ་འབྱོར་དང་རང་དབང་ཉོ་ཚོང་གྲོས་ཆོད་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་གཉིས་ནམ་རྒྱུན་ནོར་འཛོལ་བྱུང་ཡོད་པས། དེས་འབྲེལ་ཡོད་ཀྱི་གྲོས་མོལ་གྱི་དཀའ་ཁག་ཇེ་ཆེར་བཏང་ཡོད་ཟེར།

ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དང་འབྲེལ་བའི་གྲོས་མོལ་དེ་ལོ་ངོ་གསུམ་ཙམ་འགོར་ཡོད། ད་ལོའི་ཟླ་བདུན་པར་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་མཐོ་རིམ་དཔོན་རིགས་བར་གྲོས་མོལ་སྐོར་ཐེངས་བཅུ་བཞི་བ་སྤེལ། ཅཱ་པུའུ་ལི་ཨར་གྱིས་ཕྱོགས་གཉིས་བར་གྲོས་མཐུན་བྱུང་མེད་ཟེར།

ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དང་ཕྱོགས་བསྡུས་དཔལ་འབྱོར་དང་རང་དབང་ཉོ་ཚོང་གྲོས་ཆོད་ལ་ངོ་རྒོལ་བྱེད་མཁན་གྱིས་ད་ལོའི་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་འཇར་མན་གྱི་གྲོང་ཁྱེར་མང་བོ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བའི་འཆར་གཞི་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།