ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་དམག་ཕྱོགས་ཀྱི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིན་དེའི་ཞོགས་པར་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་སུ་ཆུ་འོག་འཕུར་མདའ་ཞིག་གཏོང་འཕེན་བྱས་ཟེར། ཁྲའོ་ཞན་ཕྱོགས་ཀྱིས་མིག་སྔར་ད་རུང་འབྲེལ་ཡོད་ཀྱི་གནས་ཚུལ་བསྒྲགས་མེད།
ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བསྒྲགས་པ་ལྟར་ན། ཆུ་འོག་འཕུར་མདའ་དེ་ནི་ཞན་ཅིན་ལྷོ་ལམ་གྱི་ཞིན་ཕུའུ་ཉེ་འདབས་ཀྱི་མཚོ་ཁོངས་ནས་གཏོང་འཕེན་བྱས་པ་དང་། གཏོང་འཕེན་གྱི་བར་ཐག་སྤྱི་ལེ་ལྔ་བརྒྱ་ཡིན་པ་རེད་ཟེར། ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་འཕུར་མདའ་དེའི་འབྲེལ་ཡོད་གནས་ཚུལ་ལ་དབྱེ་ཞིབ་བྱེད་བཞིན་ཡོད།
ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱས་པའི་གནས་ཚུལ་ཤེས་རྗེས། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་བྲེལ་མྱུར་གྱི་རྒྱལ་ཁབ་བདེ་སྲུང་གྲོས་ཚོགས་བསྡུས་ཏེ་ཐབས་ཇུས་ལ་གྲོས་བསྡུར་བྱས།
དབྱེ་ཞིབ་མི་སྣས་བལྟས་ན། ཁྲའོ་ཞན་གྱིས་ཐེངས་འདིར་འཕུར་མདའ་གཏོང་འཕེན་བྱས་པའི་དམིགས་ཡུལ་ནི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱེད་པའི་ཆེད་དུ་ཡིན་སྲིད་པར་འདོད།