ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལེ་བརྟན་འཇགས་ཚོགས་པའི་ཚོགས་གཙོས་དམག་དཔུང་དེའི་བདེ་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མཱ་ལེའི་གནད་དོན་གྱི་དམིགས་བསལ་འཐུས་མི། མཱ་ལེའི་རིམ་པ་མང་བོའི་ཕྱོགས་བསྡུས་བརྟན་འཇགས་ཆེད་མངགས་ཚོགས་པའི་ཚོགས་གཙོ་ཨན་ན་ཏེ་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལེའི་བརྟན་འཇགས་ཚོགས་པའི་བདེ་སྲུང་ནུས་པ་ཇེ་ཆེར་གཏོང་བར་བསམ་གཞིགས་བཏང་སྟེ། ཚོགས་པ་དེར་མི་སེར་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འགན་ནུས་ལག་བསྟར་སྔར་ལས་བཟང་བོ་བྱེད་དུ་འཇུག་རྒྱུའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཱ་ལེའི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས། ཨན་ན་ཏེ་ཧྥུའུ་ཡིས་གནས་ཚུལ་ཁྱབ་སྒྲོག་བྱེད་སྐབས་བཤད་རྒྱུར། མཱ་ལེའི་བདེ་འཇགས་གནས་བབ་མངོན་གསལ་སྒོས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། མཱ་ལེའི་བརྟན་འཇགས་ཚོགས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་འགུལ་སྐྱོད་ཁྲོད་ཤི་རྨས་ཀྱི་གནས་ཚུལ་ཆེས་ཚབས་ཆེ་བའི་ཆེད་མངགས་ཚོགས་པར་གྱུར་ཡོད། ཁོ་ཐི་ཏེ་ཝོར་དང་པུའུ་ཅི་ན་ཧྥ་སོ་ནས་ཉེ་སྔོན་བྱུང་བའི་འཇབ་རྒོལ་གྱིས་འཇིགས་སྐུལ་རྩ་འཛུགས་ལ་འཁོར་སྐྱོད་རང་བཞིན་ལྡན་པ་མཚོན་པས། རྒྱལ་ཁབ་སོ་སོས་འཇིགས་སྐུལ་ངོ་རྒོལ་གྱི་གནད་དོན་ཐད་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་དགོས་ཟེར།

ཨན་ན་ཏེ་ཧྥུའུ་ཡིས་ད་དུང་ཉེ་སྔོན་འཇབ་རྒོལ་རབ་དང་རིམ་པ་བྱུང་རྗེས། མཱ་ལེའི་བརྟན་འཇགས་ཚོགས་པས་བྱེད་ཐབས་སྤྱད་དེ་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་བཏང་ཡོད་ཅེས་བཤད། ཁོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལེའི་བརྟན་འཇགས་ཚོགས་པའི་བདེ་སྲུང་ནུས་པ་ཇེ་ཆེར་གཏོང་བར་ཆོག་མཆན་བཀོད་དེ། ཚོགས་པ་དེར་མི་སེར་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འགན་ནུས་ལག་བསྟར་སྔར་ལས་བཟང་བོ་བྱེད་དུ་འཇུག་རྒྱུའི་འབོད་སྐུལ་བཏང་།

མཱ་ལེའི་ཙུང་ལི་ཁའེ་ཐ་ཡིས་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་སྔོན་མཱ་ལེའི་དམག་དཔུང་དང་ཉེན་རྟོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་དམག་དཔུང་། ཧྥ་རན་སིའི་དམག་དཔུང་དང་མི་སེར་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་ཇེ་མང་དུ་སོང་བ་དང་། མཱ་ལེའི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་ནས། ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་ཡོངས་ལ་འཇིགས་སྣང་ཚབས་ཆེན་བཟོས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ། མཱ་ལེ་ཡུན་རིང་བོར་ཞི་བདེ་ཡོང་བར་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཟླ་དྲུག་པར་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། མཱ་ལེའི་བརྟན་འཇགས་ཚོགས་པའི་འགན་ཁུར་ཡུན་དེ་ད་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བར་དུ་ཇེ་རིང་ལ་བཏང་། རྒྱུན་ལྡན་ལྟར་ན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཟླ་འདིའི་ཟླ་མཇུག་ལ་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། མཱ་ལེའི་བརྟན་འཇགས་ཚོགས་པའི་འགན་ཁུར་ཡུན་ཐག་གཅོད་བྱེད་དགོས་པ་དང་། གྲོས་ཆོད་ལས་བདེ་སྲུང་དམག་དཔུང་གི་གཞི་ཁྱོན་དང་དེའི་ལས་འགན་ཞིབ་མོ་ཡང་ལེགས་བཅོས་བྱས་ཆོག

ཉིས་སྟོང་བཅུ་གཉིས་ལོའི་ཟླ་གསུམ་པར། མཱ་ལེ་ནས་དམག་དོན་སྲིད་འགྱུར་བྱུང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཞི་བར་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། མཱ་ལེའི་བརྟན་འཇགས་ཚོགས་པ་འཛུགས་རྒྱུའི་ཐག་བཅད། ཉིས་སྟོང་བཅོ་ལྔ་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། མཱ་ལེའི་སྲིད་གཞུང་དང་བྱང་ཕྱོགས་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཁ་ཤས་ཀྱིས་ཞི་བདེ་དང་འགྲིག་མཐུན་གྲོས་ཆོད་བཀོད། ལོ་དེའི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཕྱོགས་སོ་སོས་མཇུག་མཐར་གྲོས་ཆོད་འགོད་པའི་བྱ་བ་ལེགས་འགྲུབ་བྱས་མོད། ཡིན་ནའང་མཱ་ལེའི་བྱང་ཕྱོགས་ས་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་འཁྲུག་རྩོད་མཚམས་མ་ཆད་པ་དང་། བདེ་སྲུང་མི་སྣར་དམིགས་པའི་འཇབ་རྒོལ་ཡང་བསྟུད་མར་བྱུང་།

ས་དེའི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར། མཱ་ལེའི་བརྟན་འཇགས་ཚོགས་པའི་ཅ་ཨོ་གྲོང་ཁྱེར་དུ་ཡོད་པའི་བདེ་སྲུང་མི་སྣའི་སྒར་སར་འཇབ་རྒོལ་ཐེབས་ཏེ། ཀྲུང་གོའི་བདེ་སྲུང་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་ཕོག མཉམ་འབྲེལ་རྒྱལ་ཚོགས་འགད་རྫས་གཙང་སེལ་འགུལ་སྐྱོད་ཁྲུའུ་ཡིས་ཅ་ཨོ་གྲོང་ཁྱེར་དུ་བཙུགས་ཡོད་པའི་བྱ་བ་སྒྲུབ་ས་ཞིག་ལ་ཡང་ཉིན་དེར་འཇབ་རྒོལ་ཐེབས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།