ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིས་སྟོང་བཅུ་བཞི་ལོ་ནས་ད་བར་དུ་ས་དཀྱིལ་རྒྱ་མཚོ་ལྐོག་ཏུ་བརྒལ་སྐབས་མི་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ཉིས་སྟོང་བཅུ་བཞི་ལོ་ནས་ད་བར་དུ། ཡུལ་གྱར་བ་དང་གནས་སྤོར་བ་ཁྲི་གཅིག་ལྷག་ལྐོག་ཏུ་ས་དཀྱིལ་རྒྱ་མཚོ་བརྒལ་ནས་ཡོ་རོབ་གླིང་ལ་འགྲོ་སྐབས་རྐྱེན་ལམ་དུ་ཤོར་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་མི་གཞུང་སྒྲུབ་ཁང་ཁང་གི་མགྲིན་ཚབ་པ་ཨེ་ཏི་ཧྭ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་བཞི་ལོའི་ལོ་མགོ་ནས་བཟུང་། ས་དཀྱིལ་རྒྱ་མཚོ་བརྒལ་བའི་མི་ཇེ་མང་ནས་ཇེ་མང་ལ་སོང་བ་དང་། ཉིན་འགའི་སྔོན་བར་དུ། མི་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར་ཟེར།

ལས་ཁུངས་དེས་བསྟན་དོན། ད་ལོའི་ལོ་མགོ་ནས་བཟུང་། ལྐོག་ཏུ་རྒྱ་མཚོ་བརྒལ་མཁན་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་སྔར་ལས་ཇེ་མང་ལ་སོང་བ་དང་། མི་སྟོང་གཉིས་དང་བརྒྱད་བཅུ་བཞི་རྐྱེན་ལམ་དུ་ཤོར། དེ་དང་བསྡུར་ན། ཉིས་སྟོང་བཅོ་ལྔ་ལོའི་ལོ་ཧྲིལ་བོར་མི་སྟོང་གསུམ་དང་བདུན་བརྒྱ་དོན་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉིས་སྟོང་བཅུ་བཞི་ལོར་མི་སྟོང་གསུམ་དང་ལྔ་བརྒྱ་རྐྱེན་ལམ་དུ་ཤོར་ཟེར།

ཨེ་ཏི་ཧྭ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འདས་པའི་ལོ་འགའི་རིང་ལ། ས་དཀྱིལ་རྒྱ་མཚོ་ལྐོག་ཏུ་བརྒལ་མཁན་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་ནི་ཧ་ཅང་ཡ་ང་བ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་སུ་ལག་བསྟར་བྱེད་ཆོག་པའི་བྱེད་ཐབས་སྤྱད་དེ། ཡུལ་གྱར་བ་དང་གནས་སྤོར་བ་ལྐོག་ཏུ་རྒྱ་མཚོ་བརྒལ་མཁན་ཇེ་མང་དུ་འགྲོ་བར་བཀག་འགོག་བྱེད་དགོས་ཟེར།

རྒྱལ་སྤྱིའི་གནས་སྤོར་བའི་རྩ་འཛུགས་ཀྱིས་བཤད་རྒྱུར། ཟླ་དྲུག་པའི་ཚེས་དྲུག་ཉིན་བར་དུ། ད་ལོར་ཡུལ་གྱར་བ་དང་གནས་སྤོར་བ་ཁྲི་དྲུག་ཙམ་ཡོ་རོབ་གླིང་གི་བྲོས་པ་དང་། དེ་དག་གཙོ་བོ་ཞི་ལ་དང་དབྱི་ཐ་ལི་བརྒྱུད་དེ་སྐམ་སའི་ཐོག་ཏུ་ཐོན་པ་རེད་ཟེར།

ཞི་ལའི་མཚོ་འགག་ཉེན་ཟོན་རུ་ཁག་གིས་ཚེས་གསུམ་ཉིན་བཤད་རྒྱུར། མི་བརྒྱ་ཕྲག་འགའ་དྲུད་ཡོད་པའི་ལྐོག་ཏུ་རྒྱ་མཚོ་བརྒལ་བའི་གྲུ་གཟིངས་ཤིག་ཉིན་དེར་ཞི་ལའི་ཁི་ལེ་ཐི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཆག་སྒོ་དང་འཕྲད་དེ། གྲུ་གཟིངས་སྟེང་གི་མི་སུམ་བརྒྱ་དང་བཞི་བཅུ་ཙམ་བདེ་བླག་ངང་བསྐྱབས་ན་ཡང་། མི་མང་བོ་ད་དུང་གར་སོང་མ་ཤེས་ཟེར། བདེ་བླག་ངང་བསྐྱབས་པའི་མི་དེ་དག་གིས་བཤད་པ་ལྟར་ན། གྲུ་གཟིངས་དེའི་ནང་དུ་ཕལ་ཆེར་མི་དྲུག་བརྒྱ་དང་ལྔ་བཅུ་ཡོད་ལ། དེའི་ནང་དུ་བུད་མེད་དང་བྱིས་པ་ཡང་འདུ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།