ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་བདེ་འཇགས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བདེ་འཇགས་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་གྲོས་ཐག་བཅད།

བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ཙོ་ཁི་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྲུང་ཁྱབ་ཁོངས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་སོགས་ཀྱིས་བརྗེ་རེས་རྒྱ་བསྐྱེད་པ་དང་། འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གྲོགས་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་གསང་འཕྲིན་བརྗེ་རེས་བྱེད་རྒྱུའི་ཚུལ་བསྟན། དེ་ལས་གཞན་ཨུ་རུ་སི་ཡིས་མུ་མཐུད་དུ་ཧིན་རྡུ་ཉི་ཞི་ཡཱ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྩ་འཛུགས། དབྱི་སི་ལན་མཉམ་ལས་རྩ་འཛུགས་སོགས་ཀྱི་ཁྱབ་ཁོངས་འོག་རོགས་ལས་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་ད་རུང་ཙོ་ཁི་དང་མཉམ་དུ་ཧིན་རྡུ་ཉི་ཞི་ཡཱ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་དང་ཧིན་རྡུ་ཉི་ཞི་ཡཱ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན་ཟེར།

ཙོ་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་ཧིན་རྡུ་ཉི་ཞི་ཡཱའི་བར་གྱི་ལྕགས་ལམ་དང་གྲུ་ཁ། རྡོ་སྣུམ་ལས་སྣོན་བཅས་ཁྱབ་ཁོངས་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།