ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ལན་ཏི་ཧྥང་ཏན་ནས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང། འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

དོན་རྐྱེན་དེ་ལན་ཏི་ཧྥང་ཏན་ས་ཁུལ་གྱི་ལན་ཏི་ཧྥང་ཏན་ལམ་ནས་བྱུང་བ་རེད། རླངས་འཁོར་དེ་གཉིས་དོན་རྐྱེན་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་པ་དང་ཡུལ་དངོས་ཀྱི་གནས་ཚུལ་ཧ་ཅང་ཡ་ང་བ་ཞིག་རེད། རྒུད་སྐྱོབ་མི་སྣས་བཤད་རྒྱུར། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་སྨན་ཁང་དུ་བསྐྱལ་རྗེས་རྐྱེན་ལམ་དུ་ཤོར། གཞན་ཡང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་ཡིན་པ་དང་གནས་ཚུལ་དེ་འདྲའི་བཟང་རྒྱུ་མེད་ཟེར།

ས་དེའི་འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག་གི་མགྲིན་ཚབ་པས་བཤད་རྒྱུར། དོན་རྐྱེན་བྱུང་བའི་དངོས་སྐྱེལ་རླངས་འཁོར་དེ་ནི་སྦྲགས་སྲིད་ཁང་གི་དངོས་སྐྱེལ་རླངས་འཁོར་ཡིན་པ་དང་། སྐབས་ཐོག་དེར་ལན་ཏི་ཧྥང་ཏན་དུ་དངོས་པོ་སྐྱེལ་བཞིན་ཡོད། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། དངོས་སྐྱེལ་རླངས་འཁོར་སྟེང་གི་མི་གཞན་པར་རྨས་ལྗིད་མོ་ཕོག བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་ཁ་གཏད་ཀྱི་རླངས་འཁོར་བགྲོད་ལམ་དུ་བསྐོར་བས་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་བ་རེད་ཟེར། མགྲིན་ཚབ་པ་དེས་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་ཧ་ཅང་ཚབས་ཆེན་ཡིན་པ་དང་། ང་ཚོས་སྔོན་ཆད་འདི་འདྲའི་གནས་ཚུལ་མཐོང་མ་མྱོང་ཟེར། 
ཉེན་རྟོག་ཕྱོགས་ཀྱིས་གཞུང་ལམ་བཀག་སྡོམ་བྱས་པ་དང་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

དོན་རྐྱེན་བྱུང་བ་ཤེས་རྗེས། ཨ་ཧྥེ་རི་ཁ་ལྷོ་མའི་འགྲིམ་འགྲུལ་པུའུ་ཀྲང་པིས་ཏི་སི་ཡིས་འདས་པོ་བཅུ་བཞིའི་ཁྱིམ་མིར་ཁམས་འདྲི་བྱས་པར་མ་ཟད། སྨན་ཁང་དུ་ཡོད་པའི་རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། མིག་སྔར་འགྲིམ་འགྲུལ་སྡེ་ཁག་གིས་ཉེན་རྟོག་ཕྱོགས་དང་མཉམ་དུ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།