ཀྲུང་གོ་བོད་ཀྱི་དྲ་བ།

ཧྲིན་དབྱི་ཆིན་གྱིས་ཧྲན་ཏུང་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཧྲན་ཏུང་དུ་རྐང་རྩེད་སྤོ་ལོའི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གྱི་སབསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་རྐང་རྩེད་སྤོ་ལོའི་གཞོན་ནུ་སྦྱོང་བརྡར་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་གོའི་རྐང་རྩེད་སྤོ་ལོ་དར་རྒྱས་གོང་འཕེལ་གཏོང་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས། 

ཟླ9པའི་ཚེས8ཉིན་ནས་ཚེས10ཉིན་བར། ཧྲིན་དབྱི་ཆིན་སྔ་རྗེས་སུ་ཅི་ནན་དང་ཝེ་ཧྥང་། ཆིང་ཏའོ་སོགས་སུ་ཕེབས་ནས་ལུས་རྩལ་སློབ་གྲྭ་དང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ཆོས་ལྡན་པའི་སློབ་གྲྭ རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་། གཞི་རིམ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སོགས་སུ་རྐང་རྩེད་སྤོ་ལོའི་གཞོན་ནུ་སྦྱོང་བརྡར་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ས་གནས་སྲིད་གཞུང་དང་རྐང་རྩེད་སྤོ་ལོའི་གཞོན་ནུ་སྦྱོང་བརྡར་སྒྲིག་གཞིའི་འཐུས་མི་དང་གྲོས་བསྡུར་བྱས་པ་རེད། ཁོང་གིས་བསྟན་དོན། རྒྱལ་ཡོངས་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཕྱོད་ལྡན་སྲིད་གཞུང་དང་ནུས་ལྡན་ཁྲོམ་ར་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས། རིམ་པ་ཁག་གི་རྐང་རྩེད་སྤོ་ལོའི་གཞོན་ནུ་སྦྱོང་བརྡར་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་བརྒྱུད་རྐང་རྩེད་སྤོ་ལོའི་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་ཁག་གཅིག་ཡག་པོར་གཉེར་བ་དང་། རྐང་རྩེད་སྤོ་ལོའི་གཞོན་ནུའི་སྦྱོང་བརྡར་སྒྲིག་གཞི་སྣ་ཚོགས་སྐྱོན་བྲལ་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་དང་དཔེ་སྟོན་སྐུལ་ཁྲིད་བྱ་དགོས། རྐང་རྩེད་སྤོ་ལོའི་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་།“གསུམ་བསྟུན་དང་ཆེན་པོ་གཅིག”གི་སྦྱོང་བརྡར་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྔོན་ཐོན་ཚད་གཞི་དང་བསྡུར་ནས་ཤེས་ལྡན་མི་སྣ་འདོན་རྒྱུ་དམིགས་འབེན་དུ་བྱས་པའི་གཞོན་ནུ་སྦྱོང་བརྡར་སྒྲིག་གཞིའི་སྤུས་ཚད་དཔྱད་དཔོག་མ་ལག་འཛུགས་དགོས། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་སྐུལ་འདེད་བཏང་སྟེ། གཞུང་ཕྱོགས་སུ་ཤར་བགྲོད་དང་འཕྲེད་ཕྱོགས་སུ་སྦྲེལ་མཐུད་བྱེད་པ། ཕྱོགས་གཉིས་འཁོར་སྐྱོད་བྱེད་པ། ལུས་རྩལ་དང་སློབ་གསོ་ཐུན་མོང་གསོ་སྐྱོང་བཅས་ཀྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ཤེས་ལྡན་མི་སྣ་འཚར་ལོངས་དང་འདེམས་སྒྲུག་མ་ལག་འཛུགས་དགོས། གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས། ལོ་ཚོད་མི་འདྲ་བ་དང་ཆུ་ཚད་མི་འདྲ་བའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཚང་མར་འགྲེམས་སྟོན་དང་རྩལ་ནུས་མཐོ་རུ་གཏོང་བའི་སྟེགས་བུ་ཡོད་པར་བྱ་དགོས། 

ཧྲིན་དབྱི་ཆིན་གྱིས་ནན་གྱིས་བསྟན་དོན། མགོ་ཁྲིད་ཀྱི་འགན་འཁྲི་དམ་ཟབ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན། ཁོར་ཡུག་བཟང་པོ་བསྐྲུན་པ། གཅིག་གིས་ཀུན་ལ་སྣེ་ཁྲིད་པ། རིམ་བཞིན་འཕེལ་རྒྱས་གཏོང་བ། རིམ་བཞིན་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ལས་དོན་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། ། 

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།