ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་གོ་ཆིང2025ལོའི་རྒྱལ་ཡོངས་བཟའ་བཅའ་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོའི་རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་གཙོ་བོ་ཚེས11ཉིན་པེ་ཅིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་མཆན་འགོད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། རྒྱུན་གཏན་དུ་དམ་འཛིན་དང་དུས་རྒྱུན་དུ་ནན་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཟས་རིགས་བདེ་འཇགས་ཀྱི་འབྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་དགོས། 

ཀྲང་གོ་ཆིང་གིས་ནན་གྱིས་བསྟན་དོན། བཟའ་བཅའི་བདེ་འཇགས་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟའ་བཅའི་བདེ་འཇགས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།“ཆེས་གཟབ་ནན་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དམ་འཛིན་དམ་ཟབ་དང་མུ་མཐུད་དུ་ནུས་ཤུགས་བཏོན་ནས་བཟའ་བཅའི་བདེ་འཇགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཏན་ཏིག་ངང་མཐོ་རུ་གཏོང་དགོས། འབྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དམ་ཟབ་བྱས་ཏེ། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་དེ་མཇུག་འབྲས་ཐག་གཅོད་ནས་སྔོན་ལ་སྔོན་འགོག་བྱེད་པའི་ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཟས་རིགས་ཐོན་སྐྱེད་དང་འཁོར་རྒྱུག གསོག་འཇོག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་གི་ལྟ་སྐུལ་དོ་དམ་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འབྱུང་ཁུངས་རྗེས་འདེད་ཐུབ་པ་དང་བརྒྱུད་རིམ་ལ་ཚོད་འཛིན་བྱེད་ཐུབ་པ། ཉེན་ཁ་སྔོན་འགོག་བྱེད་ཐུབ་པ། འགན་འཁྲི་རྩད་གཅོད་བྱེད་ཐུབ་པའི་ལྟ་སྐུལ་དོ་དམ་གྱི་གདུབ་ཟུམ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། བརྟོལ་བའི་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་། ཟས་རིགས་བདེ་འཇགས་ཉེན་ཁ་དབྱེ་འབྱེད་ཐག་གཅོད་ཀྱི་ཕན་ནུས་ཆེ་རུ་གཏོང་བ། འཐབ་ཕྱོགས་དང་པོའི་ལྟ་སྐུལ་དོ་དམ་སྟོབས་ཤུགས་ཆེ་རུ་གཏོང་བ། རིམ་པ་ཁག་གི་ལྟ་སྐུལ་དོ་དམ་སྡེ་ཁག་དང་ལྟ་སྐུལ་དོ་དམ་མི་སྣའི་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས། སློབ་གྲྭའི་ཟས་རིགས་དང་དྲ་ཐོག་ནས་ཟས་རིགས་ཕྱིར་འཚོང་བྱེད་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཏེ།“མེད་པ་གསུམ”བཟོ་འཚོང་དང་སྤུས་ཚད་ཞན་པའི་ཟས་རིགས། ཁྲིམས་འགལ་གྱི་སྦྱོར་རྟ་སྣོན་པ། དྲིལ་བསྒྲགས་རྫུན་མ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་ནན་པོ་བྱ་དགོས། དྲ་ཐོག་དང་དྲ་འོག་གི་སྤུས་ཚད་གཅིག་མཚུངས་དང་ཚད་གཞི་གཅིག་མཚུངས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས།“དྲ་སྦྲེལ+ཐབ་ཚང་གསལ་པོ”ཡོངས་ཁྱབ་ཏུ་ཁྱབ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་རྩ་འཛུགས་དང་གསར་འགྱུར་སྨྱན་སྦྱོར། འཛད་སྤྱོད་པ་བཅས་ཐུན་མོང་ཐོག་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། ཟས་རིགས་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།