ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་གོ་ཀྲུང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཚེས9ནས་ཚེས11བར་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་ནུས་ཤུགས་ཡོད་རྒུས་སྟོན་འབྲུ་ཐོན་སྐྱེད་དང་ཞིང་ལས་ཀྱི་གནོད་འགོག་གནོད་འཕྲི་ལ་དམ་འཛིན་བྱས་ནས། སྟོན་འབྲུ་ལོ་ལེགས་ཡོང་བར་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། 

ལིའུ་གོ་ཀྲུང་སྔ་རྗེས་སུ་ཅ་མུའུ་སི་གྲོང་ཁྱེར་དང་ཅན་སན་ཅང་ཞིང་ར། ཧྲོང་ཡ་ཧྲན་གྲོང་ཁྱེར་བཅས་སུ་ཕེབས་ནས། ཞིང་ས་དང་ཞིང་ལས་མཉམ་ལས་ཁང་དུ་གཏིང་ཟབ་ཏུ་ཕྱིན་ནས་སྟོན་འབྲུ་རིགས་ཀྱི་སྐྱེ་འཕེལ་དང་གཞི་ཁྱོན་ཆེ་བའི་ཐོན་ཚད་མཐོ་རུ་གཏོང་བ། ཞིང་ལས་ཀྱི་གནོད་འགོག་གནོད་འཕྲི། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ཤེས་རྟོགས་བྱས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལས་འགན་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩ་ནི་སྟོན་འབྲུ་རིགས་ལ་རག་ལས་ཡོད། མཐའ་མཇུག་གི་སྒེའུ་ཁུང་གི་དུས་སྐབས་དམ་འཛིན་བྱས་ཏེ། ཐོན་འཕར་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ནས་སྟོན་འབྲུ་རིགས་ཐོན་འབབ་དང་ལོ་ལེགས་ཡོང་བའི་འགན་ལེན་བྱ་དགོས། ཆུ་འབྲས་དང་མ་རྨོས་ལོ་ཏོག སྲན་ཆེན་སོགས་ལོ་ཏོག་གཙོ་བོར་ལྟ་རྟོག་དམ་ཟབ་བྱས་ཏེ། རིགས་སྣ་དང་ས་ཁོངས་དབྱེ་ནས་ས་ཞིང་དོ་དམ་དམ་འཛིན་ཡག་པོ་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཞིང་ལས་ཀྱི་གནོད་འགོག་གནོད་འཕྲིའི་སྐུད་པ་འདིར་དམ་འཛིན་བྱས་ཏེ། ནད་འབུའི་གནོད་འཚེ་དང་སྔ་སད། བད་ནག་སོགས་ཀྱི་གནོད་འཚེ་སྔོན་འགོག་ལེགས་པོ་བྱས་ནས། གནོད་འཚེ་ལས་བྱུང་བའི་ཤུགས་རྐྱེན་ཚད་གཞི་ཆེ་ཤོས་ཉུང་དུ་གཏོང་དགོས། ཞིང་ལས་མཉམ་ལས་རྩ་འཛུགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། འབྲུ་རིགས་ཐོན་སྐྱེད་ཀྱི་ལས་ཆོད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྟོན་འབྲུ་རིགས་བསྡུ་རུབ་ཀྱི་གྲ་སྒྲིག་ལས་དོན་ཁག་སྔོན་ལ་ལེགས་པར་བསྒྲུབ་དགོས་པ་དང་། ཉོ་སྒྲུབ་གསོག་འཇོག་གི་སྔོན་ཇུས་སྔ་མོ་ནས་འཆར་འགོད་བྱས་ཏེ། འབྲུ་རིགས་ཕྱིར་ཚོང་བདེ་བླག་དང་ཁྲོམ་ར་བརྟན་རླིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལ་སྲུང་སྐྱོང་བྱ་དགོས། 

ལིའུ་གོ་ཀྲུང་ད་དུང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་རྣམ་གྲངས་དང་། ཞིང་ལས་ཚན་རྩལ་གླིང་ཁུལ། ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཅས་སུ་ཕྱིན་ནས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་ས་ནག་སྲུང་སྐྱོང་། ཞིང་ལས་ལག་རྩལ་གསར་པའི་ཚོད་ལྟ་དཔེ་སྟོན། ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་ལག་རྩལ་འདུས་གྲུབ་དང་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ཐོན་ཚད་གཞི་ཁྱོན་ཆེན་པོས་དོ་སྙོམས་ངང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་དངོས་བསྒྲུབ་དང་ནུས་ཆེའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འཛུགས་སྐྲུན་གྱི་གཙོ་གནད་ཞིང་སར་བཞག་ནས་ཆུ་བེད་སྒྲིག་བཀོད་དང་ཞིང་ཆུ་འདྲེན་ཁུལ་བསྒྱུར་བཀོད་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། ཐན་ཆུ་དང་ཆུ་སྐྱོན་་བཀག་ནས་ཐོན་འབབ་ལ་ཁག་ཐེག་དང་། ཐོན་འབབ་མཐོ་ཞིང་བརྟན་རླིང་ཡོང་བ་མངོན་འགྱུར་བྱ་དགོས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སོག་མ་ཞིང་དུ་ཕྱིར་སྤྲོད་པ་དང་། འབྲས་སྲན་རེས་འདེབས་སོགས་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། ས་ནག་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་ཏན་ཏིག་བྱ་དགོས། སྔོན་ཐོན་གྱི་དངོས་སྤྱོད་ཞིང་ལས་འཕྲུལ་ཆས་ཡོ་བྱད་ཞིབ་འཇུག་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཞན་ཆ་གང་མགྱོགས་ཀྱིས་ཁ་གསབ་བྱེད་པ་དང་། ཞིང་ལས་ཀྱི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བར་འགན་ལེན་ནུས་ལྡན་འདོན་སྤྲོད་བྱ་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།