ཟླ9པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ2025ལོའི་རྒྱལ་སྤྱིའི་གྲོས་མི་མཛའ་མཐུན་བརྗེ་རེས་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་རྒྱལ་ཁབ་སོ་སོའི་གྲོས་མི་ལ་མཉམ་དུ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ9པའི་ཚེས10ཉིན་གྱི་ཕྱི་དྲོར་པེ་ཅིན་དུ2025ལོའི་རྒྱལ་སྤྱིའི་གྲོས་མི་མཛའ་མཐུན་བརྗེ་རེས་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་རྒྱལ་ཁབ་སོ་སོའི་གྲོས་མི་ལ་མཉམ་དུ་ཐུག་འཕྲད་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་སྐབས་སུ་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་གཞི་བཏོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་ལག་གདང་སྦྲེལ་ནས་འགུལ་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། སྔར་ལས་དྲང་བདེན་ལུགས་མཐུན་གྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཛུགས་པའི་ཆེད་ཡིན། ཁྲིམས་འཛུགས་ལས་ཁུངས་ལ་དྲང་བདེན་ལུགས་མཐུན་གྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུའི་འགན་འཁྲི་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་རྒྱལ་ཁབ་སོ་སོའི་གྲོས་ཁང་དང་མཉམ་དུ། བརྗེ་རེས་འགྲོ་འོང་གཏིང་ཟབ་དུ་བཏང་ནས། ཕྱོགས་མང་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ཏེ། ཐུན་མོང་ཐོག་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་གཞི་ལག་བསྟར་བྱེད་འདོད་ཡོད། ཀྲའོ་ལེ་ཅི་ཡིས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།
ཚོགས་ཞུགས་གྲོས་མིས་བསྟན་དོན། མིག་སྔའི་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་དང་གོ་ལ་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་དེ། རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཐུན་སྒྲིལ་ལ་ཤུགས་བསྣན་ཏེ། ཁྲིམས་འཛུགས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཛམ་གླིང་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། རྒྱུན་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། །